འདབ་མ་ཀོ་པི་ཚུ་ བསམ་གྲུབ་ལྗོངས་མཁར་དང་དགེ་ལེགས་ཕུག་ལས་ ཕྱིར་ཚོང་འཐབ་ནི་ལུ་བལྟ་དོ་ཡོདཔ།

༉ སོ་ནམ་ལྷན་ཁག་གིས་ འདབ་མ་ཀོ་པི་ཚུ་ དགེ་ལེགས་ཕུག་དང་ བསམ་གྲུབ་ལྗོངས་མཁར་བརྒྱུད་དེ་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་ནི་གི་རྩིས་རྐྱབ་སྟེ་འདུག

འདི་ཡང་ ཕུན་ཚོགས་གླིང་ཁྲོམ་འདི་ ད་རེས་ འགྲོ་འགྲུལ་བཀག་དམ་ནང་འབདཝ་ལས་ ཕྱིར་ཚོང་དང་ནང་འདྲེན་འདི་ ད་རེས་ གནས་སྐབས་ཅིག་ བཀག་ཆ་འབད་དེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ད་ལྟོ་ཚུན་ཚོད་ འདབ་མ་ཀོ་པི་འདི་ རྒྱ་གར་གྱི་ནང་འདྲེན་འཐབ་ནི་གི་ཐོ་ནང་ལུ་མ་ཚུདཔ་ལས་ མི་སེར་སོ་ནམ་པ་ཚུ་གིས་ ཕྱིར་ཚོང་འཐབ་མ་ཚུགས་པར་ཡོདཔ་ཨིན།

ཨིན་རུང་ ཁ་ཙ་ལས་ རྒྱ་གར་གཞུང་གིས་ འབྲུག་པའི་འདབ་མ་ཀོ་པི་དང་མེ་ཏོག་ཀོ་པི་ ཨེ་མ་དང་སྲནམ་ཅུམ་ དེ་ལས་ ལ་ཕུག་དམརཔོ་དང་བོད་སྲནམ་ཚུ་རྩིས་ཏེ་ སོ་ནམ་གྱི་ཐོན་སྐྱེད་༧ ཇའི་གོང་གི་བརྟག་དཔྱད་ཁང་བརྒྱུད་དེ་ ནང་འདྲེན་འཐབ་ནི་སྦེ་ གནང་བ་སྒྲུབ་སྟེ་འདུག

 སོ་ནམ་དང་ནགས་ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་གྱིས་གསུང་མི་ནང་ ཚོད་བསྲེ་དང་སྔོ་ཤིང་ དེ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ནང་འདྲེན་མ་འཐབ་པའི་ཧེ་མ་ བརྟག་དཔྱད་ཁང་ནང་ལུ་ ཞིབ་དཔྱད་འབད་དགོ་ཟེར་ཨིན་མས།

འདི་ཡང་ ངོ་མ་རང་ ཚོད་བསྲེ་དང་སྔོ་ཤིང་ཚུ་ནང་ལུ་ཡོད་པའི་ ནད་འབུཔ་འདི་ཚུ་བཀག་ནི་དང་ འཕྱེལ་འགྱོ་མ་བཅུག་པར་བཞག་ནི་གི་དོན་ལུ་ཨིན་ཟེར་གསུང་ཡི།

འདི་འབདཝ་ལས་ རྒྱལ་ཁབ་ནང་འཁོད་ལས་ཐོན་པའི་ཚོད་བསྲེ་ཚུ་ཡང་ ཕྱིར་ཚོང་འཐབ་པའི་སྐབས་ རྒྱ་གར་རྒྱལ་ཁབ་ཀྱིས་ ནང་འདྲེན་མ་འབདཝ་ལས་ བརྟག་དཔྱད་འོང་ཟེར་ཨིན་མས།

འབྲུག་དང་རྒྱ་གར་གཞུང་གིས་ ཚོད་བསྲེ་དེ་སྦེ་ ཕྱིར་བཙོང་དང་ནང་འདྲེན་འཐབ་ནི་སྦེ་ ཞལ་འཆམ་བྱུང་མི་འདི་གིས་ འབྲུག་ལས་ ཕྱིར་ཚོང་ཚུ་ ཐོག་ཆག་མེད་པར་འཐབ་ནི་ནང་ ཕན་ཐོགས་འབྱུང་ཚུགས་པའི་རེ་བ་འདུག

ད་ལྟོ་ཚུན་ཚོད་ མི་སེར་སོ་ནམ་པ་ཚུ་ནང་ལས་ འདབ་མ་ཀོ་པི་ མེ་ཊིག་ཊཱན་༣༠༠དེ་ཅིག་ ཕྱིར་ཚོང་འཐབ་ནི་སྦེ་ ལེན་བཞག་སྟེ་ཡོདཔ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube