བསམ་གྲུབ་ལྗོང་མཁར་ལུ་ ཨེ་མ་བཙོང་མ་ཚུགས་པའི་དཀའ་ངལ།

༉ བསམ་གྲུབ་ལྗོངས་མཁར་ལུ་ ཨ་རྟག་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁ་ལུ་ ཨེ་མ་ཧོནམ་དཀོན་པའི་དུས་ཚོད་ཅིག་ཨིན་རུང་ དུས་ཅི་ མི་སེར་སོ་ནམ་པ་ཚུ་ ཨེ་མ་བཙོང་མ་ཚུགས་པའི་དཀའ་ངལ་ཐོན་ཏེ་འདུག

མི་སེར་ཚུ་གིས་སླབ་མི་ནང་ དུས་ཅི་ ཨེ་མ་གི་ཐོན་ཤུགས་ལེགས་ཤོམ་ཡོད་རུང་ ཉོ་མི་མེདཔ་ལས་ བཙོང་མ་ཚུགས་པར་ ལྡུམ་ར་ནང་ལུ་རང་ མེདཔ་ཐལ་དོ་ཟེར་བཤད་ཅི།

ད་རུང་ ཁོང་གིས་སླབ་མི་ནང་ དེ་བསྒང་ ཨེ་མ་ཚུ་ བཀྲིས་གཡང་རྩེ་དང་མོང་སྒར་ལས་ གོང་ཚད་མཐོ་དྲག་སྦེ་སྤྲོད་དེ་ ཉོ་བཟའ་དགོཔ་ཐོན་ཡོདཔ་ཨིན་རུང་ ད་རེས་ ཨེ་མ་ཀེ་ཇི་རེ་ལུ་ གོང་ཚད་དངུལ་ཀྲམ་༦༠རེ་སྦེ་བཙོང་ད་རུང་ ཉོ་མི་མིན་འདུག་ཟེར་ཨིན་མས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་སོ་ནམ་འགོ་དཔོན་ མཆོད་རྟེན་ཚེ་རིང་གིས་སླབ་མི་ནང་ ཁོང་གིས་ཁ་ཐུག་ལས་ ཨེ་མ་བཙོང་མ་ཚུགས་པའི་དཀའ་ངལ་ཡོད་མི་ མི་སེར་སོ་ནམ་པ་ཚུ་ལུ་ ཨེ་མ་བཙོང་ནི་ནང་ རྒྱབ་སྐྱོར་ཚུ་འབད་དེ་རང་ཡོད་ཟེར་བཤད་ཅི།

རྫོང་ཁག་སོ་ནམ་ལས་ཚན་གྱིས་ ད་ལྟོ་ཚུན་ཚོད་ མོང་སྒར་ལུ་ཡོད་པའི་ སོ་ནམ་ཐོན་སྐྱེད་ལྟེ་བ་ནང་ལུ་ གོང་ཚད་དངུལ་ཀྲམ་བརྒྱ་རེ་སྦེ་ ཨེ་མ་ཀེ་ཇི་སྟོང་ཕྲག་༢ལྷགཔ་ཅིག་ བཙོང་ཡོདཔ་སྦེ་ཨིན་མས།

བསམ་གྲུབ་ལྗོངས་མཁར་ལས་ དུས་ཅི་ ཨེ་མ་འབོར་ཆེ་ཏོག་ཏོ་སྦེ་རང་བཏོན་མི་ཚུགས་མི་འདི་ཡང་ རྫོང་ཁག་སོ་ནམ་ལས་ཚན་གྱིས་ མི་སེར་སོ་ནམ་པ་ཚུ་ལུ་ ཨེ་མ་བཙུགས་ནི་ནང་ སེམས་ཤུགས་འབྱིན་ནི་གིས་ཨིན་མས།

བསམ་གྲུབ་ལྗོངས་མཁར་རྫོང་ཁག་སོ་ནམ་ལས་ཚན་དང་འཁྲིལ་བ་ཅིན་ དུས་ཅི་ རྫོང་ཁག་འདི་ནང་ལུ་ ཨེ་མ་འདི་ ས་ཆ་ཨེ་ཀར་༣༥ལྷགཔ་ཅིག་གི་ནང་ལུ་ བཙུགས་ཏེ་ཡོདཔ་སྦེ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube