འཛོམས་མི་དང་ཆུ་སྦུག་ དེ་ལས་ སྟོད་ཝང་དང་ཤེལ་རྔ་བྱེ་མི་རྒེད་འོག་གི་འཁོར་ལམ་ ཉམས་བཅོས་འབད་དགོཔ།

༉ སྤུ་ན་ཁ་རྫོང་ཁག་ འཛོམས་མི་དང་ཆུ་སྦུག་ དེ་ལས་ སྟོད་ཝང་དང་ ཤེལ་རྔ་བྱེ་མི་རྒེད་འོག་གི་མི་སེར་ཚུ་ ཁོང་རའི་རྒེད་འོག་ལྟེ་བའི་ལམ་ ཉམས་བཅོས་འབད་ནི་གི་དོན་ལུ་ མ་དངུལ་ལུ་བསྒུག་པའི་བསྒང་རང་འདུག

རྒེད་འོག་ལྟེ་བའི་ལམ་འདི་ཡང་ སྤྱི་ལོ་༢༠༡༣ ལུ་ འདས་པའི་གཞུང་གི་སྐབས་ རྩིས་ནག་བཏང་ཡོདཔ་ད་ ད་རེས་ ལམ་ཀི་ལོ་མི་ཀྲར་༢༥ དེ་ཅིག་ ཉམས་བཅོས་འབད་དགོཔ་ཐོན་ཏེ་ཡོདཔ་ཨིན་མས།

འདི་འབད་ལས་ ས་གནས་འདི་ཚུའི་ནང་གི་ མི་སེར་ཚུ་གིས་སླབ་མི་ནང་ ལམ་ཚུ་ རྒྱུན་འགྲུལ་འཐབ་མི་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་འདི་གིས་ ཧག་ཀ་ཧོ་ཀ་ཐོན་ཏེ་ མེདཔ་ཐལ་ཡོདཔ་སྦེ་བཤད་ཅི།

འདི་གི་སྦེ་ འཁོར་ལམ་འདི་གི་ སྣུམ་འཁོར་གཏང་མི་ཚུ་གི་མ་དོ་བར་ ལམ་བདའ་སྟེ་སྡོད་མི་ཚུ་ལུ་ཡང་ ཐལཝ་གིས་ གནོད་པ་བྱུང་དོ་ཡོདཔ་སྦེ་ཨིན་མས།

དེ་མ་ཚད་ འཁོར་ལམ་གྱི་གནས་སྟངས་ སྐྱོ་དྲག་སྦེ་ཡོདཔ་ལས་ གླ་འཁོར་གཏང་མི་ཚུ་གི་ཡང་ གླ་མཐོ་སུ་ཅིག་སྦེ་ ལེན་དོ་ཡོད་པའི་ཁར་ འཕྲལ་འཕྲལ་ སྣུམ་འཁོར་འགྱོ་མི་རང་ མི་ཐོན་པས་ཟེར་བཤད་ཅི།

འདི་བཟུམ་སྦེ་ མི་སེར་ལ་ལུ་ཅིག་གིས་ ལམ་གྱི་གནས་སྟངས་ སྐྱོ་དྲག་སྦེ་འགྱོ་མི་འདི་ཡང་ མི་ཚུ་གིས་ རང་སོའི་ཞིང་ནང་ལས་ ཆུ་ལུད་འགྱོ་མི་ཚུ་ འཁོར་ལམ་བདའ་སྟེ་ སྣང་མེད་སྦེ་བཏང་མི་འདི་གི་ མེདཔ་ཐལ་དོ་ཡོདཔ་སྦེ་ ལོ་རྒྱུས་སླབ་ཨིན་མས།

ཨིན་རུང་ རྫོང་ཁག་ཚོགས་འདུའི་ ཁྲི་འཛིན་བསམ་གཏང་ཕུན་ཚོགས་དང་འཁྲིལ་པ་ཅིན་ རྒེད་འོག་ལྟེ་བའི་ལམ་འདི་ཚུ་ ཉམས་བཅོས་འབད་ནི་གི་དོན་ལས་ མ་དངུལ་དངུལ་ཀྲམ་ས་ཡ་༦༦ དེ་ཅིག་ གནས་ནི་ཨིནམ་སྦེ་ ཚོད་རྩིས་བཏོན་ཏེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ འཁོར་ལམ་ཉམས་བཅོས་ཀྱི་ རྒྱབ་སྐྱོར་འབད་དགོ་པའི་སྐོར་ལས་ སྤུ་ན་ཁ་ལས་ཨིན་མི་ ཕྱི་འབྲེལ་བློན་པོ་ལུ་ ཞུ་བ་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ ཕྱི་འབྲེལ་བློན་པོ་གིས་གསུང་མི་ནང་ འཁོར་ལམ་ཉམས་བཅོས་ཀྱི་ལཱ་ཚུ་ ལོག་སྟེ་རང་ གཙོ་རིམ་སྒྲིག་ཞིནམ་ལས་ འདི་དང་འཁྲིལ་ཏེ་ མ་དངུལ་ཚུ་བགོ་བཀྲམ་འབད་འོང་ཟེར་ཨིན་མས།

རྒེད་འོག་༤ གི་ལམ་འདི་ཡང་ ཁུ་རུ་ཐང་གི་ཟམ་ཡོད་ས་ལས་ ཁ་ཡར་ལྟག་ ཕོ་ཆུ་གི་མཐའམ་བདའ་སྟེ་ སེལ་ཡོདཔ་ཨིན་མས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube