ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གིས་ དུས་ཅི་རང་ གསོ་བའི་ཞབས་ཏོག་གསརཔ་༩ དེ་ཅིག་ འབྱིན་ནི་གི་འཆར་གཞི་ཡོདཔ།

༉ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་འདི་ རྒྱལ་ཁབ་ནང་ལུ་ སྨན་ཁང་སྦོམ་ཤོས་ཅིག་འབདཝ་ལས་ སྤུས་ཚད་ཅན་གྱི་ཞབས་ཏོག་སྣ་ཚོགས་སྦེ་རང་ འབྱིན་དགོཔ་ཐོན་ཏེ་འདུག

འདི་འབདཝ་ལས་ སྨན་ཁང་འདི་གིས་ དུས་ཅི་ལས་ གསོ་བའི་ཞབས་ཏོག་མ་འདྲཝ་༩ འབྱིན་ནི་སྦེ་ཡོདཔ་ལས་ འདི་གིས་ ནདཔ་ཕྱིའི་རྒྱལ་ཁབ་ནང་ལུ་བཏང་ནི་འདི་ མར་ཕབ་འབད་ཚུགས་པའི་རེ་བ་ཡོདཔ་ཨིན་མས།

 འདི་ཡང་ འཕྲལ་ཁམས་ཅིག་ཁར་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གཤག་བཅོས་ལས་ཁུངས་ཀྱིས་ ཤ་སྦོམ་སྦེ་བཅད་མ་དགོ་པར་ གཤག་བཅོས་འབད་ནི་གི་ཞབས་ཏོག་ཅིག་ འགོ་བཙུགས་ཏེ་འདུག

ད་རུང་ ལས་ཁུངས་འདི་གིས་ དུས་ཅི་རང་ ཨ་ལུ་ཚུ་གི་མཚན་མ་དང་ ཆབ་གསང་བསྡུསཔ་དང་འབྲེལ་བའི་སྨན་བཅོས་ཀྱི་ཞབས་ཏོག་དང་ གཤག་བཅོས་འབད་མ་དགོ་པར་ མཁལ་རྡོག་ནང་ལས་ རྡོ་བཏོན་བཏང་ནི་གི་ཞབས་ཏོག་བྱིན་ནི་ཡང་ འགོ་བཙུགས་ནི་ཨིན་མས།

ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལས་ གསོ་བའི་འགོ་འཛིན་གོ་སར་སྤེན་པ་གིས་སླབ་མི་ནང་ གཤག་བཅོས་འབད་མ་དགོ་པར་ མཁལ་རྡོག་ནང་ལས་ རྡོ་བཏོན་གཏང་མི་འདི་གིས་ ནདཔ་ལུ་ ན་ཟུག་བརྐྱབ་མ་དགོ་པའི་ཁར་ མགྱོགས་སུ་དྲག་ནི་ནང་ ཕན་ཐོགས་ཡོདཔ་ཟེར་བཤད་ཅི།

ད་རུང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ལུ་ རུ་ཏོ་སྨན་བཅོས་ཀྱི་དོན་ལུ་ གློག་པར་བཏབ་ནི་གི་ཞབས་ཏོག་བྱིན་ནི་ འགོ་བཙུགས་ནི་སྦེ་ཡོདཔ་མ་ཚད་ གཤག་བཅོས་འབད་མ་དགོ་པར་ བྱང་ཁོག་ནང་ན་དང་གློཝ་ཚུ་ བརྟག་དཔྱད་འབད་ནི་གི་ཞབས་ཏོག་ཡང་ འབྱིན་ནི་སྦེ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ གཞན་མི་འདི་ རྐང་ཚིགས་བཟུམ་གྱི་ནང་ལས་ཕར་ ནད་གཞི་ཡོདཔ་འདྲཝ་ཅིག་འབད་བ་ཅིན་ ཚབ་བཙུགས་ནི་གི་ཞབས་ཏོག་དང་ སོའི་ར་ཏོ་ཚབ་བཙུགས་ནི་ དེ་ལས་ ལྤགས་ཀོ་དང་འབྲེལ་བའི་ནད་གཞི་གི་དོན་ལུ་ཡང་ བརྟག་དཔྱད་འབད་ནི་གི་ཞབས་ཏོག་གསརཔ་ཚུ་ འབྱིན་ནི་འགོ་བཙུགས་འོང་ཟེར་ཨིན་མས།

ཞབས་ཏོག་གསརཔ་གི་གྲངས་སུ་ དོན་ཧིང་དང་འབྲེལ་བའི་ནད་གཞི་ཚུ་ བརྟག་དཔྱད་འབད་ནི་གི་འཆར་གཞི་ཡོདཔ་ད་ ཞབས་ཏོག་གསརཔ་འདི་ཚུ་ཡང་ དུས་ཅི་རང་ འགོ་བཙུགས་ཚུགས་པའི་རེ་བ་སྐྱེད་དོ་ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube