གྲོང་གསེབ་ཤིང་ཆས་ཐོབ་ལམ་གྱི་ལོ་ཚད་ མར་ཕབ་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་གྲོང་གསེབ་ཚུ་ནང་ལས་ཕར་ ཁྱིམ་རྐྱབ་ནི་གི་ཤིང་ཆས་ཚུ་ རིན་སྤྲོད་མ་དགོ་པར་ སྟོང་པ་སྦེ་ཐོབ་དོ་ཡོདཔ་ཨིན།

ཨིན་རུང་ གྲོང་གསེབ་ཤིང་ཆས་འདི་ ཚར་གཅིག་ལེན་ཚར་བའི་ཤུལ་ ལོ་༢༥ གི་རྒྱབ་ལས་མ་གཏོགས་ ཐོབ་ལམ་མེདཔ་ཨིན་མས།

འདི་ལུ་ མི་སེར་ཚུ་གིས་སླབ་མི་ནང་ ཤིང་ཆས་ཀྱི་ཐོབ་ལམ་འདི་ ལོ་༢༥ གི་རྒྱབ་ལས་འབདཝ་ད་ སྐལཝ་བགོ་བཤའ་རྐྱབ་སྟེ་ བཟའ་ཚང་ཚུ་སོ་སོ་འགྱོ་བའི་སྐབས་ལུ་ སྟབས་མ་བདེཝ་སྦོམ་སྦེ་རང་འདུག་ཟེར་བཤད་ཅི།

འདི་ཡང་ ཤིང་ཆས་ཀྱི་ཐོབ་ལམ་འདི་ལེན་ཏེ་ བཟའ་ཚང་ཚུ་ སྐལཝ་བགོ་བཤའ་བྱིན་ཚར་བའི་ཤུལ་ ས་ཁྲམ་གསརཔ་མ་ཐོབ་ཚུན་ཚོད་ ཁྱིམ་བརྐྱབ་ནི་གི་ཤིང་ཆས་ཐོབ་མ་ཚུགས་པའི་ གདོང་ལེན་བྱུང་དོ་ཡོདཔ་སྦེ་ཨིན་མས།

གནད་དོན་འདི་ འཕྲལ་ཁམས་ཅིག་ཁར་ བསམ་རྩེ་རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ལུ་ཡང་ གསུང་གྲོས་ཐོན་ཡོདཔ་ད་ འདི་བསྒང་ རྫོང་ཁག་ཚོགས་འདུའི་འཐུས་མི་ཚུ་གིས་ ཤིང་ཆས་ཐོབ་ལམ་གྱི་ལོ་ཚད་དེ་ ལོ་ངོ་༡༢ གུ་ མར་ཕབ་འབད་དགོ་པའི་ཞུ་བ་ཕུལ་ནུག

 འདི་ཡང་ བདུན་ཆུ་ཁ་དམངས་མི་ ཀུ་མར་སིང་ལིམ་བུ་གིས་སླབ་མི་ནང་ གཡུས་ཁ་ལས་ཕར་ གྲོང་གསེབ་ཀྱི་ཤིང་ཆས་འདི་ ལོ་༡༢ཀྱི་རྒྱབ་ལས་ ཐོབ་ཚུགསཔ་སྦེ་བཟོ་དགོ་པའི་ཁར་ ནང་མི་བཟའ་ཚང་ཚུ་ སོ་སོ་འགྱོ་སྟེ་ ཁྱིམ་རྐྱབ་པའི་སྐབས་ལུ་ཡང་ ཐོབ་ནི་ཡོདཔ་ཅིག་སྦེ་ བཟོ་གནང་དགོཔ་འདུག་ཟེར་ཞུ་ནུག

ཨིན་རུང་ གནད་དོན་འདི་གི་ཐད་ཁར་ རྫོང་ཁག་ཚོགས་འདུ་ལུ་ ཐག་བཅད་ནི་གི་དབང་ཚད་མེདཔ་ལས་ གནད་དོན་འདི་ རྒྱལ་ཡོངས་ཚོགས་འདུ་ལུ་ཕུལ་ནི་སྦེ་ མཐའ་བཅད་ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube