མེ་རག་རྒེད་འོག་ནང་ ལུག་གསོ་མི་གི་སྲོལ་འདི་ མར་ཉམས་དོ་ཡོདཔ།

༉ བཀྲིས་སྒང་རྫོང་ཁག་ མེ་རག་རྒེད་འོག་ནང་ ལུག་ཚུ་ ནད་གཞི་འདྲཝ་འདྲཝ་ཚུ་ཐོབ་མི་དང་ རི་དྭགས་སེམས་ཅན་ཚུ་གི་ གནོདཔ་བཀལ་དོ་ཡོད་མི་ལུ་བརྟེན་ འདས་པའི་ལོ་ཚུ་ནང་ལུ་ ལུག་གསོ་མི་གི་སྲོལ་འདི་ མར་ཉམས་འགྱོ་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་ལྟོ་ཡང་ རྒེད་འོག་འདི་ནང་གི་མི་སེར་དག་པ་ཅིག་གིས་ ལུག་འདི་ གསོ་དོ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ལུག་གསོ་སྡོད་མི་ཚུ་གིས་སླབ་མི་ནང་ ལུག་གི་བར་ལུ་བརྟེན་ འོང་འབབ་ལེགས་ཤོམ་སྦེ་རང་ བཟོ་ཚུགས་པས་ཟེར་བཤད་ཅི།

མེ་རག་རྒེད་འོག་ནང་ ལུག་གསོ་མི་གཅིག་ སྐྱེས་ལོ་༦༠ ལང་མི་ པདྨ་རྡོ་རྗེ་དང་ ཁོ་གི་བཟའ་ཚང་ཚུ་ཨིནམ་ད་ ཁོང་གིས་ ལུག་འཚོ་སྡོད་དེ་ར་ ལོ་༢༥ དེ་ཅིག་ལང་སོང་ནུག

ད་རེས་ པདྨ་གིས་ ལོ་རེ་ནང་ལུ་ ལུག་གི་བལ་ཚར་༣་རེ་བཏོག་སྟེ་ བལ་ཀེ་ལྗིད་རེ་ལུ་ དངུལ་ཀྲམ་༣༥༠་སྦེ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་འབུམ་གཅིག་དེ་ཅིག་ བཟོ་ཚུགས་དོ་ཡོདཔ་མ་ཚད་ བལ་ཚུ་ མར་དང་དར་ཚིག་ཚུ་དང་ཅིག་ཁར་ཡང་ བརྗེ་སོར་འབད་དོ་ཡོདཔ་སྦེ་བཤད་ཅི།

འདི་མ་ཚད་ ད་རེས་ ཧལ་ཝི་ཀྲས་ལས་འགུལ་གྱིས་ བལ་འཁལ་ནི་གི་འཕྲུས་ཆས་ཡང་བཙུགས་ཏེ་ཡོདཔ་ལས་ འདི་གིས་ ལུག་གསོ་ནི་ནང་ སེམས་ཤུགས་ཐོབ་ཡོདཔ་སྦེ་ཨིན་མས།

 ད་རུང་ པདྨ་གིས་སླབ་མི་ནང་ གཡག་གསོ་ནི་གི་ལཱ་འདི་བ་ ལུག་གསོཝ་འཇམ་པས་ཟེར་བཤད་ཅི།

ཨིན་རུང་ ལུག་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་མི་དང་ ནད་གཞི་འདྲཝ་བ་འདྲཝ་ཚུ་ལུ་བརྟེན་ ན་ཚ་ཐོབ་དོ་ཡོད་མི་ལུ་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག

འདི་འབདཝ་ལས་ ཕྱི་རུ་ ལུག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་སྲུང་ནི་གི་དོན་ལས་ ལྕགས་སྐྱིད་ར་བ་འགོར་ཏེ་ བཞག་དོ་ཡོདཔ་ཨིན་མས།

ད་རེས་ མེ་རག་རྒེད་འོག་ནང་ལུ་ ཁྱིམ་གུང་པ་༣༥༠ དེ་ཅིག་ཡོད་ས་ལས་ ལུག་གསོ་མི་ ཁྱིམ་གུང་པ་༡༥ དེ་ཅིག་ཡོདཔ་ད་ ཁྱིམ་གུང་པ་༥ དེ་ཅིག་ལུ་ ལུག་བརྒྱ་ལྷགཔ་སྦེ་ཡོདཔ་ཨིན་མས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube