ཧཱ་ལུ་ རྡོ་ཀ་མ་རུ་པ་གི་མཛོད་ བརྟག་ཞིབ་འབད་ནི་ལས་བཀག་ཆ།

༉ ཧཱ་རྫོང་ཁག་ཚོགས་འདུ་གིས་ དགའ་སྐྱིད་གླིང་རྒེད་འོག་ རྡོ་རི་མཐའ་ས་སྤྱི་འོག་ནང་ལུ་ རྡོ་ཀ་མ་རུ་པ་གི་མཛོད་ བརྟག་ཞིབ་འབད་བའི་བསྒང་ཡོད་མི་འདི་ བཀག་ཆ་འབད་བཞག་ནི་སྦེ་ གྲོས་ཐག་བཅད་དེ་འདུག

དགའ་སྐྱིད་གླིང་དང་ གསང་སྦས་རྒེད་འོག་༢ ཀྱི་ནང་ལུ་ འབྲུག་གི་ས་གཏེར་ལས་ཁུངས་ཀྱིས་ ལོ་༢ ཀྱི་ཧེ་མ་ལས་ རྡོ་ཀ་མ་རུ་པ་གི་མཛོད་ བརྟག་ཞིབ་འབད་ནི་འགོ་བཙུགས་ནུག

ཨིན་རུང་ གཏེར་མཛོད་བརྟག་ཞིབ་ཀྱི་ཐབས་ལམ་འདི་ལུ་ ས་གནས་ནང་གི་མི་སེར་ཚུ་ སེམས་དང་མ་ལྡན་པར་ཡོདཔ་ཨིན་མས།

དགའ་སྐྱིད་གླིང་རྒེད་འོག་ རྡོ་རི་མཐའ་ས་སྤྱི་འོག་ནང་ལུ་ རྡོ་ཀ་མ་རུ་པ་གི་མཛོད་ བརྟག་ཞིབ་འབད་བར་ མཁས་པ་ཚུ་ ལྷོད་དེ་འདུག

ཨིན་རུང་ གཏེར་མཛོད་བརྟག་ཞིབ་འབད་ནི་འདི་ དུས་ཅི་ སྤྱི་ཟླ་༢ པའི་ནང་ལས་ བཀག་ཆ་འབད་ཡོདཔ་ཨིན་མས།

འདི་ཡང་ ས་གནས་འདི་ནང་གི་མི་སེར་ཚུ་གིས་ གཏེར་མཛོད་བཏོན་མི་ལས་ལྷག་སྟེ་ མི་སྡེ་ནང་ལུ་ གནོད་ཉེན་འོང་ནི་མས་ཟེར་བའི་ ཚ་འགྱང་ཡོད་མི་དང་འཁྲིལ་ཏེ་ཨིན་མས།

འདི་ལུ་ རྫོང་ཁག་ཚོགས་འདུ་གིས་རང་འབད་རུང་ མི་སེར་ཚུ་གི་ཚ་འགྱང་ཚུ་ ངོས་ལེན་འབད་དེ་འདུག

 འདི་དང་གཅིག་ཁར་ རྡོ་རི་མཐའ་ས་སྤྱི་འོག་ནང་ལུ་ རྡོ་ཀ་མ་རུ་པ་གི་མཛོད་ བརྟག་ཞིབ་འབད་བའི་བསྒང་ཡོད་མི་ས་ཆ་འདི་ འཇིགས་མེད་གེ་གསར་ རང་བཞིན་སྲུང་སྐྱོབས་ས་གོ་ནང་ཚུད་དོ་ཡོད་པའི་ཁར་ འ་ཅོ་གདོང་དཀར་འཁྱམས་སའི་ ས་གོ་ཅིག་སྦེ་ཡང་ ངོས་འཛིན་འབད་དེ་ཡོདཔ་ཨིན་མས།

 འདི་ལུ་ འབྲུག་གི་ས་གཏེར་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ མཆོད་རྟེན་དབང་ཕྱུག་གིས་བཀོད་མི་ནང་ ས་གནས་འདི་ནང་ལུ་ རྡོ་ཀ་མ་རུ་པ་གི་མཛོད་ བརྟག་ཞིབ་འབད་ཡོདཔ་མ་གཏོགས་ གཞན་ གནོད་པའི་ལཱ་ག་ཅི་ཡང་འབད་འབདཝ་མེད་ཟེར་ དོགས་གསལ་འབད་ཡི།

ད་རུང་ ཁོ་གིས་སླབ་མི་ནང་ མཁས་པ་ཚུ་ཡང་ རྡོ་རི་མཐའ་ས་ལས་ ལོག་འབོ་ཡི་ཟེར་བཤད་ཅི།

ཨིན་རུང་ ཁོ་གིས་སླབ་མི་ནང་ འབྲེལ་ཡོད་ལས་སྡེ་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་ཞིནམ་ལས་ ཧཱ་གི་ས་གནས་ སོ་སོ་ཚུ་ནང་ལས་ཕར་ རྡོ་ཀ་མ་རུ་པ་གི་མཛོད་ཚུ་ བརྟག་ཞིབ་འབད་འོང་ཟེར་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ རྣམ་རྒྱལ་དབང་ཕྱུག ཧཱ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube