ཉེན་སྲུང་མེད་པའི་ཟ་འཐུང་གི་རིགས་ཚུ་ལས་ ཉེན་སྲུང་ངེས་གཏན་བཟོ་ཐབས།

༉ ད་ལས་ཕར་ མི་ཚུ་ ཉེན་སྲུང་མེད་པའི་ཟ་འཐུང་གི་རིག་ཚུ་ལས་ ཉེན་སྲུང་ངེས་གཏན་བཟོ་ཐབས་ལུ་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་དང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གཉིས་ཀྱིས་ མཉམ་འབྲེལ་འབད་ནི་ཨིན་མས།

འདི་གི་དོན་ལས་ ཡིག་ཚང་༢ ཀྱི་བར་ན་ ད་རིས་ གོ་བརྡའི་ཆིངས་ཡིག་གུ་ལུ་ མཚན་རྟགས་བཀོད་ཡོདཔ་ཨིན།

ཉོ་སྤྱོད་ཉེན་སྲུང་ཡིག་ཚང་དང་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གཉིས་ ཁ་བསྡོམ་ཞིནམ་ལས་ ཟ་འཐུང་གི་རིགས་ཚུ་ དུས་དང་དུས་སུ་ ཞིབ་དཔྱད་དང་བརྟག་དཔྱད་ཚུ་འབད་ནི་ཨིནམ་མ་ཚད་ ཟ་འཐུང་གི་ཐོན་སྐྱེད་ཚུ་གུ་ ཁ་ཡིག་ཡང་ ཚུལ་དང་ལྡནམ་སྦེ་རྐྱབ་དགོ་པའི་སྐོར་ལས་ སེམས་ཤུགས་བྱིན་ནི་ཨིན་མས།

འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ནང་ ཟ་འཐུང་གི་རིགས་དང་འབྲེལ་བའི་ ཉོགས་བཤད་ལེ་ཤ་ར་ ལྷོད་དོ་ཡོདཔ་ཨིན་རུང་ སྟབས་མ་བདེཝ་ཚུ་ ག་ར་སེལ་ནིའི་དོན་ལས་ ཡིག་ཚང་འདི་ལུ་ མཁོ་ཆས་དང་ཁྱད་རིག་ཚུ་མེད་ཟེར་ཨིན་མས།

ཉོ་སྤྱོད་ཉེན་སྲུང་ཡིག་ཚང་ནང་ལས་ མདོ་ཆེན་ བསོད་ནམས་བསྟན་འཛིན་གྱིས་བཀོད་མི་ནང་ བཞེས་སྒོ་ཚུ་ ལྷད་རྐྱབ་སྟེ་ཡོད་མི་དང་ དུས་ཚོད་རྫོགས་ཏེ་ཡོད་པའི་སྐོར་ལས་ ཉོགས་བཤད་ལེ་ཤ་ལྷོད་པའི་སྐབས་ དབང་འཛིན་འདི་ལུ་ བཞེས་སྒོ་ཚུ་ བརྟག་དཔྱད་འབད་ནིའི་མཁོ་ཆས་དང་ ཁྱད་རིག་ཡོདཔ་ལས་ ཁོང་ཆ་ཁྱབ་ཀྱིས་ ཡིག་ཚང་འདི་དང་གཆིག་ཁར་ མཉམ་འབྲེལ་འབད་དེ་ སྟབས་མ་བདེཝ་ཚུ་ ག་དེ་མགྱོགས་མགྱོགས་སེལ་ནི་གི་ དམིགས་གཏད་བསྐྱེད་དོ་ཡོདཔ་སྦེ་ཨིན་མས།

ཡིག་ཚང་འདི་གཉིས་ཀྱིས་ མཉམ་འབྲེལ་གྱི་ཐོག་ལས་ བདེན་ཁུངས་ཡོད་པའི་ ཐབས་ཤེས་ཚུ་བཏོན་ནི་དང་ ཉམས་རྒུད་ཕོགས་མི་ཚུ་ལུ་ རྒུད་འཐུས་བྱིན་ནིའི་དོན་ལུ་ ཁོང་རའི་ ཐོན་སྐྱེད་ཚུ་བརྗེ་སོར་འབད་ནི་ཨིན་མས།

འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ ཡོངས་ཁྱབ་མདོ་ཆེན་ བཀྲ་ཤིས་བསམ་གྲུབ་ཀྱིས་སླབ་མི་ནང་ ཡིག་ཚང་གཉིས་ཆ་ར་གིས་ ཟ་འཐུང་གི་རིགས་ཚུ་དང་ འབྲེལ་བ་འཐབ་དོ་ཡོདཔ་སྦེ་ཨིན་མས།

འདི་གུ་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ ཟ་འཐུང་གི་གོང་ཚད་གུ་ལཱ་འབད་དོ་ཡོདཔ་ད་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་ལུ་ཡང་ འགན་ཁུར་འདྲ་སུ་ཅིག་སྦེ་ཡོདཔ་ཨིན་རུང་ བཞེས་སྒོའི་སྤུས་ཚད་དང་ཉེན་སྲུང་ དེ་ལས་ ནད་གཞི་ཚུ་འཐོན་ཏེ་འབད་བ་ཅིན་ རྒྱུན་སྐྱོང་འབད་ནི་འདི་ཨིན་ཟེར་བཤད་ཅི།

དེ་སྦེ་མཉམ་འབྲེལ་འབད་མི་འདི་གིས་ མི་སྟོབས་དང་ མཁོ་ཆས་ཚད་ཅིག་ལས་བརྒལ་མེད་མི་འདི་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་པའི་ རེ་བ་ཡོདཔ་སྦེ་ཨིན་མས།

ཆིངས་ཡིག་འདི་ལས་བརྟེན་ ཚོང་གི་ལཱ་ནང་ བྱ་ངན་འབད་མི་རེ་འཐོན་པ་ཅིན་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་དང་ཅིག་ཁར་ གྲོས་བསྟུན་འབད་དེ་ ཅ་ལ་གཞུང་བཞེས་འབད་ནི་དང་ ཉེན་སྲུང་མེད་པའི་བཞེས་སྒོ་བཀོག་ནི་ཚུ་ འབད་ཚུགས་ནི་ཨིན་མས།

ད་རུང་ ཡིག་ཚང་འདི་གིས་ ཉེས་བྱ་ཚུ་ཡང་ བཀལ་ཚུགས་ནི་ཨིན་མས།

 བསྟན་རྒྱས་བློན་པོ་ ལོག་ནཱཏ་ཤར་མ་གིས་གསུང་མི་ནང་ ཡིག་ཚང་འདི་༢ ཀྱི་བར་ན་ མཉམ་འབྲེལ་འབད་དགོཔ་འདི་ གནམ་མེད་ས་མེད་ཁག་ཆེ་ཟེར་ཨིན་མས།

ད་རུང་ བློན་པོ་གིས་འབད་བ་ཅིན་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ལཱ་ ག་ཅི་ར་འབད་དོ་ཡོདཔ་ཨིན་ན་ ཉོ་སྤྱོད་ཉེན་སྲུང་ཡིག་ཚང་གིས་ མ་ཤེས་པ་ཅིན་ ཁྲོམ་ཁ་ལས་ཕར་ དབྱེ་ཞིབ་ཚུ་ག་དེ་སྦེ་འབད་ཚུགས་ནི་ཟེར་ཨིན་མས།

སྟབས་མ་བདེཝ་ཚུ་སེལ་ནིའི་དོན་ལས་ ཡིག་ཚང་༢ ཀྱི་བར་ན་ གཅིག་གི་གཅིག་ ཧ་གོ་དགོཔ་འདི་གལ་ཆེ་ནི་ཨིནམ་མ་ཚད་ བཞེས་སྒོ་ཚུ་གི་ སྤུས་ཚད་དང་ཉེན་སྲུང་ དེ་ལས་ གོང་ཚད་ཚུ་གི་སྐོར་ལས་ ངེས་བདེན་མ་བཟོ་བ་ཅིན་སྟབས་མ་བདེཝ་འཐོན་འོང་ཟེར་གསུང་ཡི།

ཡིག་ཚང་འདི་༢ ཀྱིས་ ལཱ་ཚུ་ཅིག་ཁར་འབད་ནི་སྦེ་ ཐག་བཅད་མི་འདི་གིས་ ཉོ་སྤྱོད་འབད་མི་ཚུ་ལུ་ ཉེན་སྲུང་ལྡན་པའི་ཟ་འཐུང་གི་རིག་དང་ བརྡ་དོན་ཚུ་ ཧེ་མ་བ་དྲགཔ་སྦེ་འཐོབ་ཚུགས་པའི་རེ་བ་འདུག

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube