ལོ་༣༠ལང་མི་ཕོ་སྐྱེས་གཅིག་ལུ་ དང་བླངས་རྟོག་མེད་གདོང་ཐུག་གི་ཉེས་པ་ལུ་ བཙོན་ཁྲིམས་ལོ་༡༡་བཀལ་ཡོདཔ།

༉ ཀྲོང་གསར་རྫོང་ཁག་ཁྲིམས་ཀྱི་འདུན་ས་ལས་ འཕྲལ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ཨིན་མི་ སྐྱེས་ལོ་ ༣༠ ལང་མི་ཕོ་སྐྱེས་གཅིག་ལུ་ དང་བླངས་རྟོག་མེད་གདོང་ཐུག་དང་ བྱེལཝ་ཟུབ་ཡོད་པའི་ཉེས་པ་ལུ་བརྟེན་ བཙོན་ཁྲིམས་ལོ་ ༡༡ གི་འཁྲུན་ཆོད་བཏོན་ཏེ་འདུག

འཁྲུན་ཆོད་འདི་དང་འཁྲིལ་པ་ཅིན་ ཕོ་སྐྱེས་འདི་གིས་ ན་ཧིང་ སྤྱི་ཟླ་ ༩ པའི་ནང་ ཁོ་རའི་མཉམ་རོགས་ཚུ་དང་གཅིག་ཁར་ བྱེལཝ་ཟུབ་པའི་སྐབས་ ཆ་རོགས་གཅིག་གི་ཨོལ་ལྐོག་གུ་ གྱི་གསོབ་ད་ནུག་ཟེར་ཨིན་མས།

འདི་བཟུམ་སྦེ་ ཉེས་ཅན་འདི་ལུ་ བྱེལཝ་ཚར་ ༢ ཟུབ་ཡོད་པའི་ཁར་ དོ་དམ་འོག་ལུ་བཞག་པའི་སྐབས་ བྱོག་འགྱོ་ནི་གི་དཔའ་བཅམ་ཡོད་པའི་ཉེས་འཛུགས་ཚུ་ཡང་ བཀལ་ཏེ་འདུག

བྱ་ངན་འདི་འབྱུང་པའི་སྐབས་ ཉེས་ཅན་ཕོ་སྐྱེས་འདི་ ཆང་འཐུང་སྟེ་སྡོད་ཡོདཔ་ད་ ཁོ་རང་ གློག་མེ་ལས་འགུལ་གཅིག་ནང་ སྲུང་རྒྱབ་སྦེ་ལཱ་འབད་མི་གཅིག་ཨིན་མས།

ད་རུང་ འཁྲུན་ཆོད་འདི་དང་འཁྲིལ་པ་ཅིན་ ཕོ་སྐྱེས་འདི་གིས་ ཚེ་འདས་ཀྱི་ནང་མི་བཟའ་ཚང་ལུ་ རྒུད་འཐུས་དངུལ་ཀྲམ་འབུམ་ ༡ དང་སྟོང་ཕྲག་ ༧༠ མ་ལངམ་ཅིག་ཡང་ བཏབ་དགོཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ པ་སངས། ཀྲོང་གསར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube