གཟའ་ཉི་མ། ༢༠༢༡ ཟླ་༧ པའི་སྤྱི་ཚེས་༢༤

རོ་ཁྱི་སྤྱང་ཁྱི་ལུ་ ལྟོ་འབྱིན་ནི་གི་ལས་རིམ།

སྤྱི་ཟླ་༡ པའི་ཚེས་ ༡༦ ༢༠༢༡

ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོན་སྡོད་པའི་ནམ་དུས་ལུ་ རྒྱལ་ཁབ་མང་ཤོས་ཅིག་ནང་རང་ རོ་ཁྱི་སྤྱང་ཁྱི་དང་བྱི་ལི་ཚུ་ ལྟོ་མ་ཐོབ་པར་ལུས་ནི་གི་ཉེན་ཁ་ཡོད་རུང་ འབྲུག་ལུ་ དེ་སྦེ་མེདཔ་ཨིན་མས།

འདི་ཡང་ རྒྱལ་པོའི་གཟིམ་དཔོན་ཡིག་ཚང་གིས་ རོ་ཁྱི་སྤྱང་ཁྱི་ལུ་ ལྟོ་འབྱིན་ནི་གི་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་འདི་གིས་ཨིན་མས།

ལས་རིམ་འདི་གིས་ ཐིམ་ཕུག་དང་སྤ་རོ་གི་ རོ་ཁྱི་སྤྱང་ཁྱི་ལུ་ ད་རིས་ཡང་ འཕྲོ་མཐུད་དེ་རང་ ལྟོ་ཚུ་འབྱིན་དོ་ཡོདཔ་ཨིན་མས།

ལྟོ་འདི་ཡང་ བདེ་སྲུངཔ་སྡེ་ཚན་གཅིག་གིས་ ཐིམ་ཕུག་ལུ་ཡོད་པའི་ ཁོང་རའི་ཐབ་ཚང་དང་ ལུང་བསྟན་ཕུག་ བསྟན་སྲུང་དམག་མི་ནང་ལས་ བསྡུ་ཞིམ་ལས་ འབྱིན་དོ་ཡོདཔ་ཨིན་མས།

ཨིན་རུང་ ལྟོ་འདི་ཚུ་བསྡུ་བའི་སྐབས་ལུ་ བདེ་སྲུངཔ་སྡེ་ཚན་འདི་གིས་ གསོ་བའི་སྒྲིག་གཞི་ ཁ་རས་སྤུར་ནི་ཚུ་ལུ་ དམ་དམ་སྦེ་རང་ གནས་དོ་ཡོདཔ་སྦེ་བཤད་ཅི།

བདེ་སྲུངཔ་སྡེ་ཚན་ལྔ་འབད་མི་ཅིག་གིས་ ཉིན་བསྟར་ཞིན་ ཐིམ་ཕུག་ཁྲོམ་ཁ་ལུ་ཡོད་པའི་ རོ་ཁྱི་སྤྱང་ཁྱི་༣༠༠ལྷགཔ་ཅིག་ལུ་ ལྟོ་ཚུ་འབྱིན་དོ་ཡོདཔ་ཨིན་མས།

མི་ཚུ་གིས་ ད་རེས་ འགྲོ་འགྲུལ་བཀག་དམ་དང་ དཔལ་འབྱོར་གྱི་གནས་སྟངས་ལས་བརྟེན་ཏེ་ རོ་ཁྱི་སྤྱང་ཚུ་ལུ་ ལྟོ་འབྱིན་མ་ཚུགས་པར་ཡོདཔ་ལས་ ཐབས་ལམ་ནི་བཟུམ་མེད་པ་ཅིན་ རོ་ཁྱི་ཚུ་ ལྟོགསཔ་ལུས་ནི་གི་ཉེན་ཁ་སྡོད་ནུག

ན་ཧིང་ སྤྱི་ཟླ་༨པའི་འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ཡང་ རྒྱལ་ཁབ་ནང་གི་རོ་ཁྱི་ཚུ་ལུ་ ལྟོ་དེ་སྦེ་འབྱིན་ནི་གི་ལས་རིམ་འགོ་འདྲེན་འཐབ་སྟེ་འདུག

ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ མི་སེར་ཚུ་གི་མ་དོ་བར་ རྒྱལ་ཁབ་ནང་གི་ རོ་ཁྱི་འབུམ་༡ལྷགཔ་ཅིག་ལུ་ཡང་ ཐོ་ཕོག་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ།