དགེ་ལེགས་ཕུག་ལས་ རྡོ་ཕྱིར་ཚོང་ ལེགས་ཤོམ་འགྱོ་མ་བཏུབ་པར་ཡོདཔ།

༉ དགེ་ལེགས་ཕུག་ལས་ བང་ལ་དེཤ་ལུ་ རྡོ་ཕྱིར་ཚོང་འཐབ་ནི་འདི་ ན་ཧིང་ སྤྱི་ཟླ་༡༡པའི་ནང་ལས་ ལོག་སྟེ་རང་ འགོ་བཙུགས་ཡོདཔ་ཨིན་རུང་ ད་རེས་ ཚོང་འབྲེལ་ཚུ་ ལེགས་ཤོམ་སྦེ་ འགྱོ་མ་བཏུབ་པར་འདུག

ད་རེས་ ཕྱིར་ཚོང་འཐབ་མི་ཚུ་གིས་ རྡོ་ཧྲུག་ཚུ་ རྒྱ་གར་དང་བང་ལ་དེཤ་གི་ས་མཚམས་ས་གནས་ ན་ཀུ་གའུང་ཟེར་ས་ལུ་ལྷོད་ལྷོད་ བསྐྱེལ་དོ་ཡོདཔ་ཨིན་མས།

ཨིན་རུང་ ན་ཀུ་གའུང་ཚུན་ཚོད་ལྷོད་ལྷོད་ལུ་ རྒྱ་གར་ཨ་སམ་དང་ མེ་ག་ལ་ཡ་མངའ་སྡེ་༢ཀྱི་རྫོང་སྡེ་ ༦བརྒྱུད་དེ་ འགྱོ་དགོ་ནི་འདི་གིས་ ལམ་ཁ་ལས་ཕར་ ཁྲིམས་སྲུང་འགག་པ་དང་ནགས་ཚལ་འགོ་དཔོན་ དེ་ལས་ ས་གནས་ཀྱི་མི་ཚུ་གིས་ འཐུས་རྫོགས་ནི་རང་མེདཔ་སྦེ་ བསྡུ་ནི་འདུག་ཟེར་ཨིན་མས།

འདི་འབདཝ་ལས་ ན་ཀུ་གའུང་ཚུན་ཚོད་ རྡོ་ཧྲུག་ཕྱིར་ཚོང་འཐབ་མི་ནང་ལས་ཐོབ་མི་འོང་འབབ་འདི་ མང་ཤོས་ཅིག་རང་ འཐུས་ནང་ལུ་འཛུལ་དོ་ཡོདཔ་ལས་ ཁེ་བསང་མིན་འདུག་ཟེར་བཤད་ཅི།

ན་ཀུ་གའུང་འདི་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་༣༥༠དེ་ཅིག་གི་ས་ཁར་ ཆགས་ཏེ་ཡོདཔ་ཨིན་མས།

ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ རྡོ་ཧྲུག་འདི་ཚུ་ ན་ཀུ་གའུང་ཚུན་ཚོད་མེན་པར་ ཨ་སམ་མངའ་སྡེ་འོག་གི་ ཇོ་གི་གོ་པ་ཚུན་ བསྐྱལ་ནི་གི་ཐབས་ལམ་ཅིག་ བཟོ་གནང་དགོཔ་སྦེ་ པའི་ཞུ་བ་འབདཝ་ཨིན་མས།

འདས་པའི་ཟླཝ་འགོ་བཙུགས་ཁམས་ཅིག་ཁར་ འབྲུག་པའི་ཚོང་པ་ཚུ་ལུ་ ཁེ་ཕན་འབྱུང་ནི་གི་དོན་ལུ་ རྒྱ་གར་གཞུང་གིས་ ན་གར་ཀ་ཊདང་ ཨ་གར་ཀ་ཊ་ དེ་ལས་ ཇོ་གི་གོ་པ་དང་ པཱན་དྲུ་ལུ་ ཚོང་འབྲེལ་གྱི་ལམ་ཚུ་སྒོ་ཕྱི་ནི་སྦེ་ ཁས་ལེན་འབད་ནུག

ད་རེས་ ན་གར་ཀ་ཊ་གི་ཚོང་ལམ་འདི་ སྒོ་ཕྱི་སྟེ་ཡོདཔ་ཨིན་རུང་ གཞན་མི་ལམ་༣འདི་ སྒོ་ཕྱི་ནི་གི་ཐད་ཁར་ ལཱ་ཚུ་འབད་བའི་བསྒང་རང་འདུག

ད་རུང་ ཕྱིར་ཚོང་ལེགས་ཤོམའགྱོ་མ་བཏུབ་མི་འདི་ གཅིག་ སྣུམ་འཁོར་ཊག་རེ་ནང་ རྡོ་མེ་ཊིག་ཊན་༣༠ལྷགཔ་རེ་འབག་དོ་ཡོད་རུང་ ཁྲལ་ལས་ཟུར་ནི་གི་དོན་ལུ་ ཕྱེད་ཀ་དེ་ཅིག་ལས་བརྒལ་ གསལ་སྟོན་མ་འབད་མི་ལུ་བརྟེན་ཏེ་ཨིན་མས།

དགེ་ལེགས་ཕུག་ལུ་ རྡོ་ཕྱིར་ཚོང་འཐབ་མི་ལས་སྡེ་༡༥ཡོད་ས་ལས་ ༣གྱིས་མ་གཏོགས་ གཞན་མི་༡༢ཀྱིས་ རྒྱ་གར་ཨ་སམ་ལུ་ ཕྱིར་ཚོང་འཐབ་དོ་ཡོདཔ་སྦེ་ཨིན་མས།

འདས་པའི་ཟླཝ་༢ཀྱི་ནང་འཁོད་ རྒྱ་གར་དང་བང་ལ་དེཤ་ལུ་ རྡོ་དང་རྡོ་ཧྲུག་ཚུ་ སྣུམ་འཁོར་ཊག་སྟོང་ཕྲག་ལྷགཔ་ཅིག་ ཕྱིར་ཚོང་འཐབ་སྟེ་ཡོད་ས་ལས་ བང་ལ་དེཤ་ལུ་ སྣུམ་འཁོར་༥༠ལས་བརྒལ་ མ་འགྱོ་བར་འདུག

འབྲུག་ལས་ བང་ལ་དེཤ་ལུ་ རྡོ་ཕྱིར་ཚོང་འཐབ་ནི་འདི་ཡང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ ཡུདཔ་ཅིག་ ལོ་༡དེ་ཅིག་གི་རིང་ མཚམས་འཇོག་འབད་དེ་འདུག

 

གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས།

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube