འགྲོ་འགྲུལ་བཀག་དམ་ཐེངས་དང་པའི་ཁྲིམས་འགལ་གྱི་གནད་དོན་ བརྒྱ་ཆ་༥༠དེ་ཅིག་ རྩོད་གཞི་ཕྱི་ཚར་ཏེ་ཡོདཔ།

༉ ན་ཧིང་ སྤྱི་ཟླ་༨པའི་ནང་ལུ་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ ཐེངས་དང་པ་འགོ་འདྲེན་འཐབ་པའི་སྐབས་ལུ་ ལམ་ལུགས་ལས་འགལ་བའི་ གནད་དོན་༡༣༩ཐོན་ས་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ད་ལྟོ་ཚུན་ཚོད་ གནད་དོན་༧༥དེ་ཅིག་ རྩོད་གཞི་ཕྱི་ཚར་ཏེ་འདུག

འདི་འབདཝ་ལས་ ད་རེས་ བསྐྱར་ཞིབ་འབད་བའི་བསྒང་ཡོད་མི་ གནད་དོན་ཁག་ ༤མ་གཏོགས་ གཞན་མི་ཡུདཔ་ཅིག་ ཆ་མཉམ་རང་ རྩོད་གཞི་ཕྱི་ཚར་ཏེ་ཡོདཔ་སྦེ་ཨིན་མས།

རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་དང་འཁྲིལ་བ་ཅིན་ ལམ་ལུགས་ལས་འགལ་མི་མང་ཤོས་ཅིག་ལུ་རང་ ཁྲིམས་འཐུས་བཏབ་ནི་དང་ ནང་འགྲིག་འབད་ནི་ཚུ་ མ་ཆོག་པའི་བཙོན་ཁྲིམས་བཀལ་ཏེ་ཡོད་ཟེར་ཨིན་མས།

འགྲོ་འགྲུལ་བཀག་དམ་ཐེངས་དང་པའི་ནང་ལུ་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་འགལ་བའི་གནད་དོན་༡༤༠མ་ལངམ་ཅིག་ཐོན་མི་ནང་ལུ་ མི་༢༠༠ལྷགཔ་ཅིག་ གྲལ་གཏོགས་ཡོདཔ་སྦེ་བཤད་ཅི།

རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར་གྱིས་སླབ་མི་ནང་ འགྲོ་འགྲུལ་བཀག་དམ་ཐེངས་དང་པའི་སྐབས་ལུ་ ཁྲིམས་ལས་འགལ་བའི་གནད་དོན་༥༧རྩོད་གཞི་ཕྱི་མ་ཚར་བར་ཡོད་མི་ཚུ་ རྒྱལ་ཁབ་ནང་འཁོད་ཀྱི་ཁྲིམས་ཀྱི་འདུན་ས་ལས་ཕར་ རྩོད་གཞི་ཕྱི་བའི་བསྒང་རང་ཡོད་ཟེར་ཨིན་མས།

ཨིན་རུང་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༢འགོ་བཙུགས་པའི་ཤུལ་ཐོན་མི་གནད་དོན་ཚུ་ རྩོད་གཞི་ཕྱི་ནི་ནང་ ནད་འབུཔ་འཕྱེལ་འགྱོ་མི་ལས་བརྟེན་ཏེ་ ཐོ་ཕོག་སྟེ་ཡོད་ཟེར་བཤད་ཅི།

 འགྲོ་འགྲུལ་བཀག་དམ་ཐེངས་༢པ་འགོ་བཙུགས་ཞིན་ན་ ད་རེས་ཟླཝ་གི་སྤྱི་ཚེས་༥ཚུན་ཚོད་ འགྲོ་འགྲུལ་བཀག་དམ་གྱི་ལམ་ལུགས་ལས་འགལ་བའི་གནད་དོན་ཁག་༤༥ སྙན་ཞུ་འབད་དེ་འདུག

རྩོད་དཔོན་ཡོངས་ཁྱབ་ ལུང་བསྟན་གྲུབ་འགྱུར་གྱིས་སླབ་མི་ནང་ ཁོང་གི་ཡིག་ཚང་གི་ཁ་ཐུག་ལས་ གནད་དོན་འདི་ཚུ་ མགྱོགས་སུ་ཅིག་སྦེ་ རྩོད་གཞི་ཕྱེ་ནི་ནང་ བརྩོན་ཤུགས་སྐྱེད་འོང་ཟེར་བཤད་ཅི།

ད་རེས་ འགྲོ་འགྲུལ་བཀག་དམ་གྱི་ལམ་ལུགས་ལས་འགལ་མི་ཚུ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་ ༤༡༠ དང་ ༤༤༨ ཀྱི་ཉེས་འཛུགས་ཚུ་ བཀལ་དོ་ཡོདཔ་ཨིན་མས།

འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་ ༤༡༠དང་འཁྲིལ་པ་ཅིན་ གལ་སྲིད་མི་ངོམ་གཅིག་གིས་ ཤེས་ཞིན་ན་དང་ ཡང་ན་ སྣང་མེད་ཀྱི་ཐོག་ལས་ མི་དམངས་ཉེན་སྲུང་དང་ ཡང་ན་ འཕྲོད་བསྟེན་གྱི་མ་དོ་བར་ ནད་གཞི་གདུག་དྲགས་ཚུ་སྤེལ་ཏེ་ ཉེན་འཚུབས་བཀལ་ནི་གི་རྩིས་རྐྱབ་པ་ནི་དང་ རྒྱུན་སྐྱོང་འཐབ་པ་ཅིན་ མི་འདི་ ཉེས་ཅན་འཚེར་གཟན་གྱི་ གནོད་འགལ་ཨིན་པར་བརྩི་དགོ་ཟེར་འཁོད་དེ་འདུག

འདི་བཟུམ་སྦེ་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་ ༤༤༨དང་འཁྲིལ་རུང་རང་ གལ་སྲིད་མི་ངོམ་གཅིག་གིས་ བསམ་སྦྱོར་གྱི་སྒོ་ལས་ མི་དམངས་ཀྱི་ཉེན་སྲུང་དང་ འབངས་ཀྱི་བདེ་སྲུང་ དེ་ལས་ ལྷོད་འཇགས་ཀྱི་མཐའ་དོན་ལུ་ གཞུང་ལས་གནང་བའི་བཀའ་རྒྱ་ལུ་མ་གནས་པ་ཅིན་ མི་ངོམ་འདི་ འབངས་ཀྱི་བདེ་སྲུང་དང་ལྷོད་འཇགས་ལུ་ བར་རྐྱེན་རྐྱབ་ཡོད་པའི་གནོད་འགེལ་གྱི་ ཉེན་སྐྱོན་ཨིན་པར་བརྩི་དགོ་ཟེར་ཨིན་མས།

བྱ་ངན་འདི་བཟུམ་འབད་མི་འདི་ལུ་ ཉེས་རིམ་དབྱེ་རིམ་༤པའི་ཉེས་ཆེན་སྨིན་དགོ་ནི་ཨིནམ་ལས་ བརྩོན་ཁྲིམས་ལོ་ ༣ལས་༥གི་བར་ན་ ཕོག་ནི་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube