གསར་སྤང་ལུ་ ཟུར་བཞག་མཐུན་རྐྱེན་མ་འཐོབ་པའི་དཀའ་ངལ།

༉ དུས་ཚོད་འ་ནེམ་ཅིག་ཁར་ དུས་སྟོན་དང་ལས་རིམ་མ་འདྲཝ་ ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་སྲོལ་ཡོད་མི་དང་བསྟུན་ རྒྱལ་ཁབ་ནང་འཁོད་ལུ་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཡང་ ལེ་ཤ་འཐོན་དོ་ཡོདཔ་ཨིན།

ནད་ཡམས་ཀྱི་ཉེན་ཁ་ཆེ་བའི་ ས་གོ་ཚུ་ནང་ལས་ ཉེན་ཁ་ཆུང་བའི་ས་གོ་ནང་ འགྱོ་ནིའི་དོན་ལུ་ ཉིནམ་༧གི་རིང་ ཨིན་ཅི་མིན་ཅི་ ཟུར་བཞག་ནང་སྡོད་དགོ་མི་ལུ་བརྟེན་ ད་རེས་ནངས་པ་ རྒྱུན་འགྲུལ་འཐབ་ནི་འདི་ཡང་ ལཱ་ཁག་ཅིག་སྦེ་འཐོན་དོ་ཡོདཔ་ཨིན་མས།
གསར་སྤང་ལུ་ ཕར་ཚུར་འགྱོ་མི་གི་གྱངས་ཁ་ མང་སུ་འཐོན་ནི་འདི་གིས་ ཟུར་བཞག་གི་མཐུན་རྐྱེན་ ཚད་ཅིག་ལས་བརྒལ་མེད་མི་ལུ་ ཨུ་ཚུགས་སྦོམ་སྦེ་ར་ ཕོགས་དོ་ཡོདཔ་ཨིན་མས།

ད་རེས་ དྲུང་ཁག་ཡིག་ཚང་རྙིངམོ་གི་ས་གོ་ནང་ མི་ལེ་ཤ་ཅིག་ར་ ཁོང་རའི་ ཟུར་བཞག་གི་ཞུ་བ་འབད་དེ་ཡོད་མི་ཚུ་ གཏན་འཁེལ་བཟོ་བར་འོང་དོ་ཡོདཔ་དང་ ཁོང་མང་ཤོས་ཅིག་ར་ ཟུར་བཞག་གི་དོན་ལུ་ ཐོ་བཀོད་འབད་ནི་རྐྱངམ་ཅིག་གི་དོན་ལུ་ བདུན་ཕྲག་ལྷགཔ་ཅིག་ བསྒུག་སྡོད་དགོཔ་འཐོན་ནུག

ཁོང་ཆ་ཁྱབ་ཀྱི་གྲལ་ལས་ ལ་ལུ་ཅིག་ ཁོང་རའི་ཕམ་ གཟུགས་མ་བདེ་བར་ཡོད་མི་ཚུ་ལྟ་བར་དང་ སློབ་ཕྲུག་ཚུ་འབད་བ་ཅིན་ དགུན་གྱི་ལས་རིམ་ མ་འདྲཝ་ཚུ་གི་དོན་ལུ་འོང་ཡོད་མི་ཚུ་ཨིན་མས།

གསར་སྤང་ལུ་ ཟ་ཁང་ ༤༠ ལྷགཔ་ཅིག་ ཟུར་བཞག་གི་མཐུན་རྐྱེན་སྦེ་ ལག་ལེན་འཐབ་ས་ལས་ ༣༠ དེ་ཅིག་ དུས་རྒྱུན་ རྒྱུན་འགྲུལ་འཐབ་མི་ཚུ་གི་དོན་ལུ་སྦེ་ བཞག་སྟེ་འདུག

དེ་ལས་ ཟ་ཁང་གཞན་མི་ཚུ་དང་ འཕྲལ་ཁམས་ཅིག་ཁར་རྐྱབ་ཡོད་མི་ ཉལ་ཁྲི་ ༢༠༠ འབད་མི་ ཟུར་བཞག་གི་མཐུན་རྐྱེན་འདི་ ཕྱི་རྒྱལ་ལས་འོང་མི་ཚུ་གི་དོན་ལུ་སྦེ་ བཞག་སྟེ་ཡོདཔ་ཨིན་མས།

རྫོང་ཁག་འདི་ནང་ལས་ ཕྱི་ཁར་འགྱོ་མི་ མི་སྟོང་ཕྲག་༣ལྷགཔ་ཅིག་གིས་ ལས་བྱེད་ཚོགས་ཆུང་ནང་ལུ་ ཐོ་བཀོད་འབད་དེ་ཡོདཔ་དང་ ནད་ཡམས་ལས་བྱེད་ཡིག་ཚང་ལས་ ཟླ་བ་དཔལ་བཟང་གིས་སླབ་མི་ནང་ གནད་དོན་འདི་ ག་དེ་མགྱོགས་མགྱོགས་སེལ་ཐབས་ལུ་ ཡིག་ཚང་འདི་གིས་ སྒྲིང་ཁྱིམ་གསརཔ་རྐྱབ་སྟེ་ཡོད་མི་ཚུ་ནང་ ཟུར་བཞག་གི་མཐུན་རྐྱེན་ རྒྱ་བསྐྱེད་བཏང་ནིའི་ ཐབས་ཤེས་ཚུ་ལྟ་དོ་ཟེར་ཨིན་མས།

འདི་དང་ཅིག་ཁར་ ཡིག་ཚང་འདི་གིས་ སྣུམ་འཁོར་མེད་མི་ཚུ་གི་དོན་ལུ་ སྐྱེལ་འདྲེན་གྱི་ཞབས་ཏོག་ཚུ་ འཚོལ་བྱིན་དོ་ཡོདཔ་མ་ཚད་ མི་ཚུ་ རྫོང་ཁག་གཞན་ཁ་ལུ་ཡང་ ཟུར་བཞག་ནང་ བཞག་དོ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ ཀརྨ་དབང་འདུས། གསར་སྤང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube