དབང་འདུས་ཕོ་བྲང་ལུ་ རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་གི་ངོ་ཚབ་ཚུ་ ཆ་མེད་བཏང་དགོ་པའི་ཞུ་བ།

༉ བཙག་འཐུའི་བྱ་རིམ་ནང་ལུ་ ངོ་ཚབ་ཚུ་ དྭངས་གསལ་གྱི་སྒོ་ལས་ བཙག་འཐུ་འབད་ནི་འདི་ གལ་གནད་ཆེ་བའི་ བྱ་རིམ་ཅིག་སྦེ་ བརྩི་མཐོང་སྐྱེད་དོ་ཡོདཔ་ཨིན།

ཨིན་རུང་ དྭངས་གསལ་ཅན་གྱི་བྱ་རིམ་འདི་ ལག་ལེན་མ་འཐབ་པ་ཅིན་ བཙག་འཐུའི་བྱ་རིམ་ནང་ལུ་ ཆོག་ཤེས་མེད་པའི་ སྲོལ་ངན་པ་ཚུ་ ཁྱབ་སྤེལ་འགྱོཝ་ཨིན་མས།

འདི་བཟུམ་གྱི་གནས་སྟངས་འདི་ ད་རེས་ དབང་འདུས་ཕོ་བྲང་ བ་ཇོ་ཁྲོམ་ཁར་ཡོད་པའི་ ཚོང་པའི་མི་སྡེ་ཚུ་གི་ནང་འཁོད་ བྱུང་སྟེ་སྦེ་འདུག

འདི་ཡང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ ད་རེས་ཀྱི་ རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་གི་ཁྲི་འཛིན་འདི་ ག་དེ་སྦེ་བཙག་འཐུ་འབད་ཡོདཔ་ཨིན་ན་ ཧ་མ་གོ་ཟེར་བཤད་ཅི།

 འདི་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ འབྲུག་ཚོང་དང་བཟོ་གྲྭའི་ཚོགས་སྡེ་ལུ་ གནད་དོན་འདི་ བལྟ་དགོ་པའི་སྐོར་ལས་ ཉོག་བཤད་ཀྱི་ཡི་གུ་ཅིག་ བཙུགས་དེ་འདུག

ཞུ་ཡིག་འདི་དང་འཁྲིལ་པ་ཅིན་ དུས་ཅི་ སྤྱི་ཟླ་༥པའི་ནང་ རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་གི་ཁྲི་འཛིན་འདི་ འཐུས་མི་༧དང་གཅིག་ཁར་ ཁྲོམ་འདི་གི་ ཧེ་མའི་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ངོ་ཚབ་ བཙག་འཐུ་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་ལུ་ ཚོང་པའི་མི་སྡེ་གིས་བཀོད་མི་ནང་ ཁྲི་འཛིན་འདི་ ཁོང་ཆ་ཁྱབ་དང་ བསྟུན་གྲོས་ག་ནི་ཡང་མེད་པར་ བཙག་འཐུ་འབད་ནུག་ཟེར་ ཉོག་བཤད་བཀོདཔ་ཨིན་མས།

ད་རུང་ ཁོང་ཆ་ཁྱབ་ཀྱིས་ འདས་པའི་ཟླཝ་གི་ སྤྱི་ཚེས་༢༩ལུ་ཡང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ ཡི་གུ་ཅིག་བཙུགས་ཏེ་འདུག

ཡི་གུ་འདི་ནང་ལུ་ ད་རེས་ཀྱི་ རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་གི་ངོ་ཚབ་ཚུ་ ངོ་ཤེས་དྲིན་ཤེས་དང་ ཕྱོགས་རིས་བཟུང་སྟེ་ བཙག་འཐུ་འབད་དེ་ཡོདཔ་ལས་ ཆ་མེད་བཏང་དགོཔ་སྦེ་བཀོད་ནུག

ཨིན་རུང་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་དང་འཁྲིལ་པ་ཅིན་ རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་གི་ངོ་ཚབ་ཚུ་ བཙག་འཐུའི་བྱ་སྒོ་དང་འཁྲིལ་ཏེ་རང་ འགོ་འདྲེན་འཐབ་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ ཚོགས་སྡེ་གིས་བཀོད་མི་ནང་ ངོ་ཚབ་ལངམ་སྦེ་མེད་པ་ཅིན་ ད་རེས་ཀྱི་ ཉོག་བཤད་བཀོད་མི་སྡེ་ཚན་ཚུ་གི་ནང་ལས་ འཐུས་མི་༢ཁ་སྐོང་བཙུགས་དགོ་སྐོར་ལས་ཡང་ སླབ་སྟེ་ཡོད་ཟེར་བཤད་ཅི།

ཨིན་རུང་ ལོག་ཅི་ཁ་ལས་ ཧེ་མའི་ བ་ཇོ་ཁྲོམ་སྡེ་ངོ་ཚབ་ཀྱིས་འབད་བ་ཅིན་ གནད་དོན་འདི་གི་ཐད་ཁར་ ཁོ་ལུ་ གྲོས་བསྟུན་འབད་འབདཝ་ར་ མེད་ཟེར་ཨིན་མས།

བ་ཇོ་ཁྲོམ་ཁར་ཡོད་པའི་ ད་རེས་ཀྱི་ རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་གི་ཁྲི་འཛིན་གྱིས་ ང་བཅས་རྒྱང་བསྒྲགས་ལུ་སླབ་མི་ནང་ མོ་གིས་འབད་མི་ཚུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་ བཀོད་རྒྱ་དང་འཁྲིལ་ཏེ་འབད་འབདཝ་མ་གཏོགས་ མོ་གིས་ཁ་ཐུག་ལས་ ག་ནི་ཡང་སླབ་ནི་མེད་ཟེར་བཤད་ཅི།

འདི་དང་གཅིག་ཁར་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་གིས་རང་འབད་རུང་ གནད་དོན་ག་ཅི་གི་ཐད་ལས་འབད་རུང་ དོགས་གསལ་འབད་ཆོགཔ་སྦེ་རང་ཡོད་ཟེར་ཨིན་མས།

རྫོང་ཁག་ཚོང་འབྲེལ་གོང་འཕེལ་ཚོགས་ཆུང་འདི་ཡང་ ཚོང་འབྲེལ་གྱི་སྐོར་ལས་ གྲོས་བསྟུན་འབད་ནི་དང་ ཚོང་གི་གོ་སྐབས་ཚུ་གི་སྐོར་ལས་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེ་ལུ་ གྲོས་འདེབས་ཕུལ་མི་ ཁས་བླངས་ཀྱི་ཐོག་ལུ་ ལཱ་འབད་མི་ཚོགས་ཆུང་ཅིག་ཨིན་མས།

ད་རེས་ དབང་འདུས་ཕོ་བྲང་ལུ་ འབྲུག་ཚོང་དང་བཟོ་གྲྭ་ཚོགས་སྡེའི་ནང་ ཐོ་བཀོད་སྒྲུབ་པའི་ ཚོང་པ་༦༠༠དེ་ཅིག་ཡོདཔ་ཨིན་མས།

བཅོ་ལྔ་རྡོ་རྗེ། གནས་ཚུལ་བསྡུ་ལེན་པ། དབང་འདུས་ཕོ་བྲང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube