ས་གནས་གཞུང་གི་བཙག་འཐུ་ ཐེངས་༣པའི་ནང་ འདེམས་ངོ་ཨམ་སྲུ་ ༤༩༡ ཡོདཔ།

༉ མགྱོགས་པ་ར་འགོ་འདྲེན་འཐབ་ནི་ཨིན་མི་ ས་གནས་གཞུང་གི་བཙག་འཐུ་ནང་ལུ་ ཨམ་སྲུ་ ༤༩༠ དེ་ཅིག་གིས་ གྲལ་ཁར་གཏོགས་ནི་ཨིན་མས།

ཁོང་ཆ་ཁྱབ་ཀྱི་གྲལ་ལས་ བརྒྱ་ཆ་ ༨༠ དེ་ཅིག་གི་ར་ ཚོགས་པའི་གོ་གནས་དོན་ལུ་ དོ་འགྲན་འབད་དོ་ཡོདཔ་ཨིན་མས།

ས་གནས་གཞུང་གི་ བཙག་འཐུ་ཐེངས་ ༣ པའི་ནང་ལུ་ འདེམས་ངོ་བསྡོམ་ སྟོང་ཕྲག་ཕྱེད་ད་ ༤ ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ནི་ཨིན་མས།

ད་རེས་ཀྱི་བཙག་འཐུ་དོན་ལུ་ གདམ་འཐུ་སྒྲུབ་སྟེ་ཡོད་མི་ འདེམས་ངོ་ཨམ་སྲུ་གི་གྱངས་ཁ་འདི་ བཙག་འཐུ་ཐེངས་ ༢ པ་དང་ འདྲན་འདྲ་ཚ་ཅིག་སྦེ་འདུག

འདི་ཡང་ སྤྱི་ལོ་ ༢༠༡༦ གི་ ས་གནས་གཞུང་གི་བཙག་འཐུའི་སྐབས་ འདེམས་ངོ་ཨམ་སྲུ་ ༤༩༠ གིས་ གྲལ་ཁར་གཏོགས་ཡོདཔ་དང་ ད་རེས་འབདཝ་ད་ འདེམས་ངོ་ ༤༩༡ འཐོན་ཏེ་འདུག

ཚོགས་པའི་གོ་གནས་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་ཨམ་སྲུ་ ༤༠༠ དེ་ཅིག་ཡོདཔ་དང་ དམངས་མིའི་གོ་གནས་དོན་ལུ་ ཨམ་སྲུ་༦༠ དེ་ཅིག་གིས་ དོ་འགྲན་འབད་ནི་ཨིན་མས།

དེ་ལས་ འདེམས་ངོ་ཨམ་སྲུ་ ༣༠ ཀ་ཀོ་ཅིག་གིས་ རྒཔོ་གི་གོ་གནས་དོན་ལུ་ དོ་འགྲན་འབདཝ་ཨིན་མས།

ཁྲོམ་སྡེ་ངོ་ཚབ་ཀྱི་དོན་ལུ་ དོ་འགྲན་འབད་མི་ ཨམ་སྲུའི་འདེམས་ངོ་ ༥ དང་ ཁྲོམ་སྡེ་ཚོགས་པ་གི་དོན་ལུ་ ༣ ཡོདཔ་ཨིན་མས།

ཧེ་མའི་ ས་གནས་གཞུང་གི་བཙག་འཐུ་དང་འཕྱདཔ་དང་ འདེམས་ངོ་ཕོ་སྐྱེས་ཀྱི་གྱངས་ཁ་འདི་ ༩༠ དེ་ཅིག་གིས་ ཡར་སེང་སོང་སྟེ་འདུག

འདི་ཡང་ སྤྱི་ལོ་ ༢༠༡༦ ལུ་ ས་གནས་གཞུང་གི་བཙག་འཐུ་ ཐེངས་ ༢ པའི་སྐབས་ འདེམས་ངོ་ཕོ་སྐྱེས་ སྟོང་ཕྲག་ ༢ དང་ ༩༠༠ ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་ས་ལས་ དུས་ཅི་ འདེམས་ངོ་ཕོ་སྐྱེས་སྟོང་ཕྲག་ ༣ ལྷགཔ་ཅིག་འཐོན་ཏེ་འདུག

དེ་གི་ནང་ལས་ བརྒྱ་ཆ་ ༦༠ དེ་ཅིག་གིས་ར་ ཚོགས་པའི་གོ་གནས་དོན་ལུ་ དོ་འགྲན་འབད་དོ་ཡོདཔ་ཨིན་མས།

རྒཔོ་གི་གོ་གནས་དོན་ལུ་ དོ་འགྲན་འབད་མི་ འདེམས་ངོ་བསྡོམ་ ༦༠༠ དེ་ཅིག་གིས་ དོ་འགྲན་འབད་ནི་ཨིནམ་དང་ ༦༢༠ དེ་ཅིག་གིས་ དམངས་མིའི་དོན་ལུ་ དོ་འགྲན་འབདཝ་ཨིན་མས།

དེ་ལས་ འདེམས་ངོ་ སྟོང་ཕྲག་ ༢ དང་ ༢༦༠ ལྷགཔ་ཅིག་གིས་ ཚོགས་པ་གི་དོན་ལུ་ དོ་འགྲན་འབད་ནི་ཨིན་མས།

ད་རུང་ ཁྲོམ་དཔོན་གྱི་འདེམས་ངོ་ ༢ དང་ ཁྲོམ་སྡེའི་ཚོགས་པའི་འདེམས་ངོ་ ༦ དེ་ལས་ ཁྲོམ་སྡེ་ངོ་ཚབ་ཀྱི་ འདེམས་ངོ་ ༣༠ ཀ་ཀོ་ཅིག་ཡང་ཡོདཔ་ཨིན།

ས་གནས་གཞུང་གི་ བཙག་འཐུ་ཐེངས་༣པའི་ ཚོགས་རྒྱན་གྱི་ཉིམ་འདི་ སྤྱི་ཟླ་འདི་གི་ སྤྱི་ཚེས་༢༢གི་ཚེ་ཨིན།

གནས་ཚུལ་བསྡུ་ལེན་འབད་མི་ པདྨ་གསལ་སྒྲོན་ཚེ་རིང་། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར་ཕཀོད་ས།

Please enter your comment!
Please enter your name here

བསམ་འཆར།

Facebook
Twitter
YouTube