རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མ་འདི་ ལྟོ་ཐོབ་ཀྱི་སློབ་གྲྭ་ལུ་ རྒྱ་སྐྱེད་བཏང་དགོཔ།

༉ མོང་སྒར་རྫོང་ཁག་ རྒྱལ་པོའི་ཞིང་ལུ་སྡོད་མི་ཚུ་གིས་ ས་གནས་འདི་ནང་སློབ་གྲྭ་ཆེ་བ་གཅིག་ལས་བརྒལ་མེད་མི་འདི་ ལྟོ་ཐོབ་ཀྱི་སློབ་གྲྭ་ལུ་ རྒྱ་སྐྱེད་བཏང་དགོ་པའི་ ཞུ་བ་འབདཝ་ཨིན་མས།

འདི་ཡང་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ ཉལ་ཁྱིམ་ཚུ་མེད་མི་ལུ་བརྟེན་ སློབ་ཕྲུག་ཚུ་ དུས་ཡུན་ཆུ་ཚོད་ལས་བཅད་དེ་ རྐང་སྟོང་སྦེ་འོང་དགོཔ་འཐོན་ཏེ་འདུག

འདི་མ་ཚད་ སློབ་གྲྭ་འདི་ནང་ སློབ་ཕྲུག་འཛུལ་ཞུགས་འབད་མི་གི་གྱངས་ཁ་འདི་ཡང་ ལོ་བསྟར་བཞིན་དུ་རང་ ཡར་སེང་འགྱོ་དོ་ཡོད་མི་དང་བསྟུན་ གནད་དོན་འདི་ཚུ་གི་སྐོར་ལས་ འཕྲལ་ཁམས་ཅིག་ཁར་ཚོགས་མི་རྫོང་ཁག་ཚོགས་འདུའི་སྐབས་ལུ་ཡང་ གྲོས་བསྡུར་ཚུ་འབྱུང་ནུག

སྐྱེས་ལོ་ ༡༣ ལང་མི་ བསོད་ནམས་ཆོས་འཕེལ་འདི་ ས་གླིང་རྒེད་འོག་ནང་ཡོད་པའི་ ཡུ་ན་རི་གྲང་ལས་ཨིནམ་ད་ ད་རེས་ ཁོ་རང་ རྒྱལ་པོའི་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་རིམ་༦ པའི་སློབ་ཕྲུག་ཅིག་ཨིན་མས།

ད་རེས་ སློབ་གྲྭ་འདི་ནང་ ཉལ་ཁྱིམ་ཚུ་མེད་མི་ལུ་བརྟེན་ཏེ་ ཁོ་དང་ཁོ་རའི་ནུ་གཅུང་འདི་ དྲོ་པ་ཧ་སག་ལོང་ཞིན་ན་ གླ་འཁོར་ནང་འཛུལ་ཏེ་ སློབ་གྲྭ་ནང་འགྱོ་དོ་ཡོདཔ་ཨིན་མས།

ཁོ་གིས་ སློབ་གྲྭའི་དུས་ཚོད་རྫོགས་པའི་ཤུལ་མ་ ལོག་ཁྱིམ་ནང་ལྷོད་ལྷོད་ དུས་ཡུན་ཆུ་ཚོད་༡ དེ་ཅིག་ རྐང་སྟོང་སྦེ་འགྱོ་དགོཔ་འཐོན་ཏེ་འདུག

ཁོ་གིས་སླབ་མི་ནང་ ཞག་སློབ་གྲྭ་ནང་སྡོད་ནི་གི་ མཐུན་རྐྱེན་ཡོད་པ་ཅིན་ དཔེ་ཆ་ལྷབ་ནི་དང་ཁྱིམ་ལཱ་འབད་ནི་གི་ དུས་ཚོད་ཐོབ་ནི་ཨིནམ་ལས་ སྟབས་བདེ་ནི་མས་ཟེར་བཤད་ཅི།

འདི་བཟུམ་གྱི་གནས་སྟངས་འདི་ སློབ་གྲྭ་འདི་ནང་གི་སློབ་ཕྲུག་མང་ཤོས་ཅིག་ལུ་རང་ ཅོག་ར་འཐདཔ་སྦེ་འཐོན་ཏེ་འདུག

འདི་འབདཝ་ལས་ ཕམ་ཚུ་གིས་སླབ་མི་ནང་ སློབ་གྲྭ་འདི་ ལྟོ་ཐོབ་ཀྱི་སློབ་གྲྭ་ལུ་ རྒྱ་སྐྱེད་གཏང་ཚུགས་པ་ཅིན་ སློབ་ཕྲུག་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་བཤད་ཅི།

 ད་རུང་ ཕམ་ཚུ་གིས་བཀོད་མི་ནང་ སློབ་གྲྭ་འདི་ནང་ བློ་གསར་སློབ་རིམ་ལས་སློབ་རིམ་༡༢ པ་ཚུན་གྱི་ སློབ་ཕྲུག་ལེ་ཤ་ཡོདཔ་ལས་ ལྟོ་ཐོབ་ཀྱི་སློབ་གྲྭ་ཅིག་སྦེ་ བཟོ་གནང་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་བཤད་ཅི།

རྫོང་ཁག་ཚོགས་འདུ་ཚོགས་པའི་སྐབས་ ས་གནས་གཞུང་གི་འགོ་ཁྲིདཔ་ཚུ་གིས་ ཀུ་རི་ཆུ་གློག་མེ་ལས་འགུལ་གྱི་ ལས་བྱེད་ཚུ་གི་སྡོད་ཁྱིམ་འདི་ སློབ་ཕྲུག་ཚུ་ལུ་ གནས་སྐབས་ཀྱི་ཉལ་ཁྱིམ་སྦེ་ བཟོ་དགོ་པའི་སྐོར་ལས་ གྲོས་འདེབས་ཕུལ་ཏེ་འདུག

འདི་འབདཝ་ལས་ ཚོགས་འདུ་གིས་གནད་དོན་འདི་ ཀུ་རི་ཆུ་གློག་མེ་ལས་འགུལ་གྱི་འཛིན་སྐྱོང་དང་གཅིག་ཁར་ བསྟུན་གྲོས་འབད་ནི་སྦེ་ ཆ་འཇོག་སྒྲུབ་སྟེ་འདུག

འདི་བཟུམ་སྦེ་ རྫོང་ཁག་ཚོགས་འདུ་གིས་ སློབ་གྲྭ་འདི་ལྟོ་ཐོབ་ཀྱི་སློབ་གྲྭ་ལུ་ རྒྱ་སྐྱེད་གཏང་དགོ་པའི་གྲོས་ཆོད་འདི་ཡང་  ཤེས་རིག་ལྷན་ཁག་ལུ་ ཕུལ་ནི་ཨིན་མས།

ད་རེས་ རྒྱལ་པོའི་ཞིང་དང་གླིང་མི་ཐང་ལུ་ མི་སྡེ་དཔལ་འབྱོར་གོང་འཕེལ་ མགྱོགས་སུ་ཅིག་སྦེ་འགྱོ་དོ་ཡོད་མི་ལུ་བརྟེན་ཏེ་ རྒྱལ་པོའི་ཞིང་འབྲིང་རིམ་སློབ་གྲྭ་གོང་མའི་ནང་ སློབ་ཕྲུག་འཛུགས་མི་གི་གྱངས་ཁ་འདི་ ལོ་བསྟར་བཞིན་དུ་རང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

ད་རེས་ སློབ་གྲྭ་འདི་ནང་ སློབ་ཕྲུག་༦༠༠ ལྷགཔ་ཅིག་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་། མོང་སྒར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube