མི་སྡེ་བརྡ་བརྒྱུད་ལག་ལེན་ནི་ནང་ དུས་ཚོད་བཏོན་མི་ལུ་ཚ་གྱང་།

༉ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ འཕྲལ་ཁམས་གཅིག་ཁར་ འགོ་འདྲེན་འཐབ་སྟེ་ཡོད་མི་ ཞིབ་འཇུག་དང་འཁྲིལ་པ་ཅིན་ འབྲུག་མི་ཚུ་གིས་ ཉིན་བསྟར་བཞིན་དུ་རང་ མི་སྡེ་བརྡ་བརྒྱུད་ལག་ལེན་ནི་ནང་ དུས་ཚོད་བཏོན་མི་ལུ་བལྟ་བ་ཅིན་ ཚ་གྱང་ཆེ་བའི་གནད་དོན་ཅིག་སྦེ་འཐོན་ཏེ་འདུག

འདི་ཡང་ བསམ་ལན་བཀོད་མི་ བརྒྱ་ཆ་༩༠ ལྷགཔ་ཅིག་གིས་རང་ ཁོང་གི་ཁ་ཐུག་ལས་ ཉིན་བསྟར་བཞིན་དུ་རང་ དུས་ཡུན་ཆུ་ཚོད་༣ དེ་རེ་ མི་སྡེ་བརྡ་བརྒྱུད་མ་འདྲཝ་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་ བཀོད་དེ་ཡོདཔ་ཨིན་མས།

གནད་དོན་འདི་ཡང་ འཛམ་གླིང་ནང་ ཉིན་བསྟར་བཞིན་དུ་རང་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་ནི་ནང་ དུས་ཡུན་ཆུ་ཚོད་ཕྱེད་ད་༣ དེ་རེ་ དུས་ཚོད་བཏོན་མི་དང་འཁྲིལཝ་ད་ མཐོ་སུ་ཅིག་སྦེ་འཐོན་ཏེ་ཡོདཔ་ཨིན་མས།

ད་རུང་ ཞིབ་འཇུག་འདི་དང་འཁྲིལ་བ་ཅིན་ སྤྱིར་སྙོམས་ལུ་འབྲུགཔ་༡ གི་ མི་སྡེ་བརྡ་བརྒྱུད་རྩིས་ཁྲ་༤ དེ་རེ་ ཡོདཔ་ད་ འདི་ཚུ་གི་གྲལ་ལས་ ཕེས་བུག་དང་ ཝི་ཅིཌ་ དེ་ལས་ ཡུ་ཀྲུའུབ་གསུམ་འདི་ ཡངས་གྲགས་ཅན་ཅིག་སྦེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ མི་སྡེ་བརྡ་བརྒྱུད་ཀྱི་དོན་ལུ་ དུས་ཚོད་མང་ཤོས་ར་ མཐོ་རིམ་ཤེས་ཡོན་སྦྱང་མི་ཚུ་གིས་ ཉིན་བསྟར་བཞིན་དུ་རང་ དུས་ཡུན་ཆུ་ཚོད་༥ དེ་ཅིག་ བཏང་མི་འདི་ཨིན་མས།

འདི་གི་ཆུལ་ལས་ གཏན་འཇགས་ཀྱི་ལས་བྱེདཔ་དང་ ཡིག་ཚང་ནང་འགྱོ་མི་ཚུ་གིས་ དུས་ཡུན་ཆུ་ཚོད་༤ དེ་ཅིག་དང་ དེ་ལས་ ལཱ་གཡོག་མེད་མི་ཚུ་གིས་ ཆུ་ཚོད་༣ དེ་ཅིག་ མི་སྡེ་བརྡ་བརྒྱུད་ཚུ་ ལྟ་སྟེ་སྡོད་དོ་ཡོདཔ་ཨིན་མས།

དེ་ལས་ སོ་ནམ་གྱི་ལཱ་འབད་མི་ཚུ་གིས་ ཆུ་ཚོད་༢ མང་ལངམ་ཅིག་དང་ དགེ་སློང་ཚུ་གིས་ ཉིནམ་རེ་ནང་ དུས་ཡུན་ཆུ་ཚོད་༣ མ་ལངམ་ཅིག་ མི་སྡེ་བརྡ་བརྒྱུད་ཚུ་ལྟ་སྟེ་ སྡོདཔ་ཨིན་མས།

སྙན་ཞུ་དང་འཁྲིལ་པ་ཅིན་ མི་སྡེ་བརྡ་བརྒྱུད་ཚུ་ཡང་ བརྡ་དོན་བརྗེ་སོར་འབད་ནི་དང་ ཡོན་ཏན་ལྷབ་སྦྱངས་འབད་ནི་ དེ་ལས་ གཅིག་གིས་གཅིག་ལུ་ འབྲེལ་བ་འཐབ་ནི་དང་ སྤྲོ་སྟོན་ཚུ་གི་དོན་ལུ་ ལག་ལེན་འཐབ་སྟེ་འདུག་ཟེར་ཨིན་མས།

ད་རུང་ སྙན་ཞུ་འདི་དང་འཁྲིལ་པ་ཅིན་ མི་སྡེ་བརྡ་བརྒྱུད་ཚུ་ནང་ གཡོ་འཕྲུལ་དང་ ཚུལ་མིན་གྱི་བརྡ་དོན་ཚུ་བཀོད་མི་འདི་ མི་ཚུ་ལུ་ སྟབས་མ་བདེ་བའི་གནད་དོན་མཐོ་ཤོས་ཅིག་སྦེ་ འཐོན་ཏེ་འདུག་ཟེར་ཨིན་མས།

འདི་བཟུམ་སྦེ་ བསམ་ལན་འབད་མི་ བརྒྱ་ཆ་༥༠ ལྷགཔ་ཅིག་ལུ་རང་ མི་སྡེ་བརྡ་བརྒྱུད་ཀྱི་གསང་བ་དང་ ཀུན་སྤྱོད་རྣམ་གཞག་ལས་བརྟེན་པའི་ ཕན་གནོད་ཚུ་གི་སྐོར་ལས་ དེ་ཅིག་རང་ ཧ་གོ་སྟེ་མེདཔ་སྦེ་ མཐོང་སྟེ་འདུག

འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱི་ ལས་རིམ་འགོ་དཔོན་ བསྟན་འཛིན་གཡང་སྒྲོན་གྱིས་སླབ་མི་ནང་ ཞིབ་འཇུག་འདི་ འགོ་འདྲེན་འཐབ་པའི་སྐབས་ ཚ་གྱང་ཆེ་བའི་གནད་དོན་ཚུ་ཡང་འཐོན་ཡོདཔ་ད་ འདི་ཡང་ དཔེ་འབད་བ་ཅིན་ འབྲུག་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ལག་ལེན་ནི་ནང་ དུས་ཚོད་བཏོན་མི་འདི་ འཛམ་གླིང་གི་གནས་སྡུད་དང་འཕྱདཔ་ད་ མཐོ་སུ་ཅིག་སྦེ་མཐོང་ནི་འདི་གིས་ཨིན་ཟེར་བཤད་ཅི།

འདི་བཟུམ་སྦེ་ འབྲུག་མི་ཚུ་གིས་ མི་སྡེ་བརྡ་བརྒྱུད་ཚུ་ མི་ངོ་མ་བཏོན་པར་སྦེ་ཡང་ ལག་ལེན་འཐབ་སར་མཐོང་སྟེ་ཡོདཔ་ལས་ ཚ་གྱང་ལང་དགོཔ་ཡོདཔ་སྦེ་ཨིན་མས།

འབྲུག་རྒྱལ་ཁབ་ནང་ མི་སྡེ་བརྡ་བརྒྱུད་ཚུ་ལས་བརྟེན་ ཁེ་ཕན་འབྱུང་སྟེ་ཡོད་རུང་ ཚུལ་མཐུན་སྦེ་ ལག་ལེན་མ་འཐབ་མི་ལས་བརྟེན་ གནོད་པ་ཡང་འབྱུང་སྟེ་ཡོད་ཟེར་བཤད་ཅི།

འདི་འབདཝ་ལས་ འདི་བཟུམ་གྱི་གནད་དོན་ཚུ་ སེལ་ཐབས་སྒྲིག་ནི་གི་དོན་ལུ་ འབྲུག་བརྡ་བརྒྱུད་གཞི་ཚོགས་ཀྱིས་ མི་སྡེ་བརྡ་བརྒྱུད་ཀྱི་ཤེས་ཡོན་སྦྱོང་ཚན་གཅིག་ བཟོ་བའི་བསྒང་རང་འདུག

འདི་ཡང་ མི་ཚུ་ལུ་ མི་སྡེ་བརྡ་བརྒྱུད་ཚུ་ ཚུལ་མཐུན་སྦེ་ལག་ལེན་འཐབ་ཐངས་དང་ འདི་ལས་བརྟེན་པའི་ གནོད་ཉེན་ཚུ་གི་ཐོག་ལུ་ ཤེས་ཡོན་སྤེལ་ཐབས་ལུ་ དམིགས་ཏེ་ཨིན་མས།

 ལས་རིམ་འགོ་དཔོན་འདི་གིས་བཀོད་མི་ནང་ སྦྱོང་ཚན་འདི་ཡང་ ཤེས་ཡོན་མེད་མི་གི་དོན་ལུ་གཅིག་དང་ སློབ་གྲྭ་ཆེ་བ་དང་མཐོ་རིམ་སློབ་གྲྭའི་སློབ་ཕྲུག་ཚུ་གི་དོན་ལུ་གཅིག་ དེ་ལས་ གཞན་མི་གཅིགཔོ་འདི་ སྲིད་དོན་པ་ཚུ་རྩིས་ཏེ་ ཁྱད་རིག་གི་ལཱ་འབད་མི་ཚུ་གི་ དོན་ལུ་བཟོ་དོ་ཡོདཔ་སྦེ་བཤད་ཅི།

སྦྱོང་ཚན་འདི་ནང་ ཁོང་རའི་དགོས་མཁོ་དང་འཁྲིལ་ཏེ་ མི་སྡེ་བརྡ་བརྒྱུད་ཚུ་ འགན་ཁྲིད་ཅན་ཅིག་སྦེ་ལག་ལེན་འཐབ་ཐངས་དང་ གནས་ཚུལ་རྫུས་མ་ཚུ་ ག་དེ་སྦེ་ངོས་འཛིན་འབད་ནི་ཨིན་ན་ དེ་ལས་ གཡོ་འཕྲུལ་ཚུ་ལས་ ག་དེ་སྦེ་འཛེམ་ནི་ཨིན་དང་ མི་སྡེ་བརྡ་བརྒྱུད་ནང་ འབད་ཆོགཔ་དང་མ་ཆོགཔ་ཚུ་ འགོ་དེ་ཡོདཔ་སྦེ་ཨིན་མས།

བརྟག་ཞིབ་འདི་ཡང་ རྫོང་ཁག་༢༠ ག་རའི་ནང་ འགོ་འདྲེན་འཐབ་སྟེ་ཡོདཔ་ད་ ཞིབ་འཇུག་འདི་ནང་ སྐྱེས་ལོ་༡༣ ལས་༦༠ གི་བར་ན་འབད་མི་ མི་ངོམ་༡༢༠༠ ལྷགཔ་ཅིག་གིས་ བཅའ་མར་གཏོགས་ཏེ་འདུག

འདི་བཟུམ་སྦེ་ འབྲེལ་བ་ཡོད་པའི་ གཞུང་དང་སྒེར་སྡེ་ དེ་ལས་ ཞི་བའི་མི་སྡེ་ལས་ཚོགས་ཚུ་ནང་ལས་ ངོ་ཚབ་༢༦ ནང་ལས་ བསམ་ལན་ཚུ་བསྡུ་ནུག
 འདི་དང་གཅིག་ཁར་ ཌ་ཊ་རི་པོ་ཊལ་ཌོད་ཀཱོམ་ཟེར་མི་ ཡོངས་འབྲེལ་འཆར་སྒོ་དང་འཁྲིལ་པ་ཅིན་ ན་ཧིང་ སྤྱི་ཟླ་དང་པ་ཚུན་ཚོད་ འབྲུག་མི་འབུམ་༤ དང་སྟོང་ཕྲག་༣༠ དེ་ཅིག་གིས་ མི་སྡེ་བརྡ་བརྒྱུད་ཚུ་ ལག་ལེན་འཐབ་དོ་ཡོདཔ་སྦེ་མཐོང་སྟེ་འདུག

འདི་མ་ཚད་ འབྲུག་རྒྱལ་ཁབ་འདི་ འཕྲུལ་རིག་དང་ལྡན་པའི་རྒྱལ་ཁབ་ཅིག་སྦེ་བཟོ་ནི་འདི་ རྒྱལ་ཡོངས་ཀྱི་དམིགས་གཏད་ཨིན་མི་དང་བསྟུན་ མི་སྡེ་བརྡ་བརྒྱུད་ལག་ལེན་འཐབ་མི་ཚུ་ ཡར་སེང་འགྱོ་ནི་བཟུམ་ཅིག་ ཡོདཔ་སྦེ་ཨིན་མས།

ཨིན་རུང་ འདི་བཟུམ་གྱི་འགྱུར་བ་དང་འཁྲིལ་ཏེ་ མི་སྡེ་བརྡ་བརྒྱུད་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་དགོ་པའི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ཡང་ ཡར་སེང་གཏང་དགོཔ་ཁག་ཆེ་ནི་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་དོན་གྲུབ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube