ཅ་ཆས་ནང་འདྲེན་འབད་མི་གི་ཐད་ཁར་ ཁྲལ་གྱི་ལམ་ལུགས་འདི་ བསྐྱར་ཞིབ་འབད་བའི་བསྒང་།

༉ འོང་འབབ་དང་ཅ་དམ་ལས་ཁུངས་ཀྱིས་ ད་རེས་ ལག་རྟགས་བསྐྱེལ་ལེན་འབད་མི་ལས་སྡེ་ཚུ་གིས་ ཅ་ཆས་ནང་འདྲེན་འབད་མི་གི་ཐད་ཁར་ ཁྲལ་གྱི་ལམ་ལུགས་འདི་ བསྐྱར་ཞིབ་འབད་བའི་བསྒང་རང་འདུག

ལས་ཁུངས་འདི་གིས་ འདི་བཟུམ་གྱི་ཅ་ཆས་ཚུ་ལུ་ ཁྲལ་འདི་ཡང་ ལག་རྟགས་བསྐྱེལ་ལེན་འབད་ནི་གི་ཞབས་ཏོག་བྱིན་མི་ ལས་སྡེ་ཚུ་གི་ཡིག་ཚང་གི་ས་ཁོངས་ནང་ཡོད་པའི་ ཅ་དམ་ཞབས་ཏོག་གི་འབྲེལ་སྟེགས་ཚུ་བརྒྱུད་དེ་ བསྡུ་དོ་ཡོདཔ་ཨིན་མས།

ཨིན་རུང་ མི་ཚུ་གིས་སླབ་མི་ནང་ ཅ་དམ་གྱི་ཁྲལ་འདི་ མཐོ་རང་མཐོ་དོ་ཡོད་པའི་ཁར་ ཁྲལ་ཡངས་ཆག་གི་ཚད་གཞི་འདི་ཡང་ ཉུང་རང་ཉུང་མས་ཟེར་ བཤདཔ་ཨིན་མས།

འབྲུག་གི་ཅ་དམ་ལམ་ལུགས་དང་སྒྲིག་གཞི་༢༠༡༧ ཅན་མ་དང་འཁྲིལ་ཏེ་ ལས་ཁུངས་འདི་གིས་ ལག་རྟགས་བསྐྱེལ་ལེན་འབད་མི་ལས་སྡེ་ཚུ་བརྒྱུད་དེ་ ཅ་ཆས་ཚུ་ནང་འདྲེན་འབད་བའི་སྐབས་ དངུལ་ཀྲམ་སྟོང་ཕྲག་༣ གྱི་གནས་གོང་ཚུན་ཚོད་ ཅ་དམ་གྱི་ཁྲལ་ཚུ་མི་བཀལ་དོ་ཡོདཔ་ཨིན་མས།

ད་རེས་ བཟོ་བཟོ་ནི་གི་སྨན་རིགས་དང་ གོ་ལ་ཚུ་ནང་འདྲེན་འབད་བའི་སྐབས་ ཅ་དམ་དང་ཚོང་ཁྲལ་བརྒྱ་ཆ་༤༠ བཀལ་དོ་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ལྷམ་གི་རིགས་ཚུ་ནང་འདྲེན་འབད་བ་ཅིན་ བརྒྱ་ཆ་༣༥ དེ་རེ་ བཀལ་དོ་ཡོདཔ་ཨིན་རུང་ འགྲུལ་འཕྲིན་དང་ལེབ་ཀྲོབ་ཚུ་ ནང་འདྲེན་འབད་བ་ཅིན་ ཁྲལ་མི་ཕོག་དོ་ཡོདཔ་ཨིན་མས།

ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་གི་ ཅ་དམ་ཁྲལ་གྱི་འགོ་འཛིན་ པདྨ་དབང་འདུས་ཀྱིས་སླབ་མི་ནང་ མི་ཚུ་གིས་ ལག་རྟགས་བསྐྱེལ་ལེན་གྱི་ཞབས་ཏོག་ཚུ་ ལག་ལེན་འཐབ་པའི་སྐབས་ལུ་རྐྱངམ་གཅིག་ཁྲལ་སྤྲོད་དོ་བཟུམ་སྦེ་ འཚོར་དོ་ཡོདཔ་ཨིན་རུང་ ཁོང་ཆ་ཁྱབ་ཀྱིས་ མཛོད་ཁང་ནང་ལས་ ཕྲངམ་ཕྲང་སར་ཅ་ཆས་ཚུ་ཉོ་མི་གི་ཐད་ཁར་ མདོ་བསམ་རང་ མི་བཏང་དོ་ཡོདཔ་སྦེ་བཤད་ཅི།

ཨིན་རུང་ ངོ་མ་རང་འབད་བ་ཅིན་ མཛོད་ཁང་ནང་ལས་ མི་ངོ་རྐྱང་གིས་ ཅ་ཆས་ཚུ་ཉོ་རུང་ ཚོང་བཙོང་མི་ཚུ་གིས་ ཅ་ཆས་ཀྱི་གོང་ཚད་དང་གཅིག་ཁར་ཁྲལ་ཚུ་ཡང་ རྩིས་རྐྱབ་སྟེ་ཡོདཔ་ལས་ ཐད་ཀར་མིན་པའི་ཁྲལ་ཚུ་ སྤྲོད་དོ་ཡོདཔ་སྦེ་ཨིན་མས།

ཡིག་ཚང་འདི་གིས་ ད་རེས་ཀྱི་རྩིས་ལོ་ནང་ ཐིམ་ཕུག་ལུ་ཡོད་པའི་ ལག་རྟགས་བསྐྱེལ་ལེན་འབད་མི་ལས་སྡེ་༢ ཀྱི་ནང་ལས་ ཅ་དམ་དང་ཚོང་ཁྲལ་དངུལ་ཀྲམ་ས་ཡ་༣༤ ལྷགཔ་ཅིག་བསྡུ་སྟེ་ ཡོདཔ་ཨིན་མས།

འདི་ཡང་ ཁྲལ་བསྡུ་མི་གི་གནད་དོན་འདི་ རྩིས་ལོ་༢༠༡༧ དང་༢༠༡༨ དང་འཕྱདཔ་ད་ ཚར་༥ ལྷགཔ་ཅིག་གིས་རང་ ཡར་སེང་སོང་སྟེ་འདུག

དེ་སྦེ་ ཡར་སེང་འགྱོ་མི་འདི་ཡང་ ནད་ཡམས་ཀཱོ་ཝིཌ་ནའི་ཊིན་གྱི་གནས་སྟངས་དང་ དངུལ་འབྲེལ་གྱི་ལམ་ལུགས་ཡར་དྲག་འགྱོ་མི་ དེ་ལས་ འབྲུག་མི་ ཕྱིའི་རྒྱལ་ལས་ཕར་སྡོད་མི་གི་གྱངས་ཁ་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ཏེ་ཨིན་མས།

ད་རེས་ མི་མང་ཤོས་ཅིག་གིས་རང་སླབ་མི་ནང་ ཅ་དམ་གྱི་ཁྲལ་ཡངས་ཆགས་ཡོད་མི་དང་ ཁྲལ་གྱི་ཚད་གཞི་འདི་ལུ་ ལྟ་དགོཔ་འདུག་ཟེར་བཤད་ཅི།

འདི་བཟུམ་སྦེ་ མི་ཚུ་གིས་བཤད་མི་ནང་ ཅ་དམ་གྱི་འབྲེལ་སྟེགས་ཚུ་ ག་ཅིག་སྦེ་ འཕྲལ་ཁམས་ཅིག་ལས་རྐྱངམ་གཅིག་ གཞི་བཙུགས་འབད་ཡོདཔ་ཨིན་ན་ ཧ་མ་གོ་ཟེར་ཨིན་མས།

འདི་ལུ་ ལུང་ཕྱོགས་འོང་འབབ་དང་ཅ་དམ་ཡིག་ཚང་ནང་ལས་ ཅ་དམ་ཁྲལ་གྱི་འགོ་འཛིན་ པདྨ་དབང་འདུས་ཀྱིས་བཀོད་མི་ནང་ ཞབས་ཏོག་གི་འབྲེལ་སྟེགས་བཙུགས་མི་འདི་ཡང་ ཞབས་ཏོག་བྱིན་མི་དང་ལེན་མི་༢ ཆ་ལུ་ སྟབས་བདེ་ནི་གི་དོན་ལུ་ ཨིན་ཟེར་བཤད་ཅི།

 རྒྱལ་ཁབ་ནང་ ཅ་ནམ་གྱི་གོང་ཚད་དང་ འདི་བཟུམ་གྱི་ཞབས་ཏོག་ལེན་མི་གི་གྱངས་ཁ་ཚུ་ ཡར་སེང་འགྱོ་མི་ལུ་བརྟེན་ ལས་ཁུངས་འདི་གིས་ ཁྲལ་གྱི་ཚད་གཞི་ཚུ་ ག་དེ་མགྱོགས་མགྱོགས་སྦེ་ བསྐྱར་ཞིབ་འབད་ནི་ལུ་བལྟ་དོ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཡེ་ཤེས་རྡོ་རྗེ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube