བུམ་ཐང་ཟུང་ངེས་གཡུས་མཚན་ནང་ དུར་ཁྲོད་རྐྱབ་ནི་འདི་ བཀག་ཆ་འབད་ཡོདཔ།

༉ བུམ་ཐང་རྫོང་ཁག་ ཆུ་མིག་རྒེད་འོག་ ཟུང་ངེས་གཡུས་མཚན་ནང་ དུར་ཁྲོད་རྐྱབ་ནིའི་ལས་འགུལ་འདི་ ཧང་ཏོམ་མར་ བཀག་ཆ་འབད་དེ་འདུག

འདི་ཡང་ གཡུས་འདི་ནང་གི་ ཁྱིམ་གུང་པ་༢ ཀྱིས་ ལས་འགུལ་འདི་གི་སྐོར་ལས་ ཉག་ཉོག་བརྡུང་མི་ལས་བརྟེན་ཏེ་ཨིན་མས།

འདི་འབདཝ་ལས་ ད་རེས་ གཡུས་ཁའི་མི་ཚུ་གིས་ གནད་དོན་འདི་གི་སྐོར་ལས་ རྒེད་འོག་ཡིག་ཚང་དང་ རྫོང་ཁག་བདག་སྐྱོང་ལས་ དོགས་སེལ་འབད་དགོཔ་སྦེ་ སླབ་དོ་ཡོདཔ་མ་ཚད་ འཕྲལ་ཕུག་གཉིས་ཀྱི་དོན་ལུ་ གནད་དོན་འདི་ གསལ་ཏོག་ཏོ་བཟོ་དགོཔ་སྦེ་ཨིན་མས།

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ དུར་ཁྲོད་འདི་ ལོ་༢༨དེ་ཅིག་གི་རིང་ ལག་ལེན་འཐབ་སྟེ་སྡོད་ཡི་ཟེར་ཨིན་མས།

ད་རེས་ ལས་འགུལ་བརྒྱུད་དེ་ ས་གོ་འདི་ནང་ལུ་ གཏན་འཇགས་ཀྱི་ ཁྱིམ་དང་མཐུན་རྐྱེན་ཚུ་ རྐྱབ་ནི་སྦེ་གྲོས་འཆར་བཀོད་ནུག

འདི་ལས་བརྟེན་ གཡུས་ཁའི་མི་ཚུ་ འགྲིག་མ་ཚུགས་པར་ཡོདཔ་དང་ འདི་ཡང་ ཁྱིམ་གུང་པ་༣༠ དེ་ཅིག་གིས་ ལཱ་འདི་ འགོ་བཙུགས་དགོཔ་སྦེ་ཨིན་རུང་ ཁྱིམ་གུང་༢ ཀྱིས་ ཉག་ཉོག་བརྡུང་ཡོདཔ་ཨིན་མས།

འདི་གི་སྐོར་ལས་ མ་འགྲིགཔ་འཐོན་ཏེ་ ཟླཝ་༡༠ ལྷགཔ་ཅིག་སོང་ཡོདཔ་དང་ འདི་གི་རིང་ལུ་ མི་སེར་ཚུ་གིས་ རྒེད་འོག་དང་རྫོང་ཁག་བདག་སྐྱོང་ལུ་ བར་མི་འབད་དགོཔ་སྦེ་ ལོག་ཅི་ར་ ཞུ་བ་འབད་ནུག

བུམ་ཐང་ ཆུ་མིག་རྒེད་འོག་ ཟུང་ངེས་གཡུས་མཚན་ འཇམ་དབྱངས་བསྟན་འཛིན་གྱིས་བཀོད་མི་ནང་ གནད་དོན་འདི་སེལ་ནི་གི་དོན་ལས་ ག་ལུ་འགན་ཁུར་ཕོགཔ་ཨིན་ན་ མ་ཤེས་པར་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ཟུང་ངེས་གཡུས་མཚན་ནང་གི་ མི་ཚུ་གིས་བཀོད་མི་ནང་ ལས་འགུལ་འདི་གི་འཆར་གཞི་བརྩམ་པའི་སྐབས་དང་ གྲོས་འཆར་བཙུགས་པའི་སྐབས་ལུ་ གཡུས་ཚན་འདི་ནང་གི་མི་སེར་ག་ར་ གྲལ་ཁར་གཏོགས་ཏེ་ཡོདཔ་སྦེ་ཨིན་མས།

ད་རུང་ ཁོང་གིས་སླབ་མི་ནང་ ས་གོ་འདི་ནང་ལུ་རྒཔོ་གིས་ཡང་ ལྟ་སྐོར་འབད་ཞིནམ་ལས་ ཁོང་ཆ་ཁྱབ་ལུ་ བཟོ་སྐྲོན་གྱི་ལཱ་འབད་ནི་གི་དོན་ལས་ མ་དངུལ་ཚུ་ཡང་ བགོ་ཀྲམ་འབད་དེ་ཡོད་ཟེར་སླབ་ཡོདཔ་མ་ཚད་ ལས་འགུལ་འདི་ ཁོ་ར་རྒཔོ་སྦེ་སྡོད་པའི་རིང་ལུ་རང་ མཇུག་བསྡུ་སྦེ་འབད་འོང་ཟེར་ སླབ་ཡོདཔ་སྦེ་ཨིན་མས།

དེ་སྦེ་ ཉག་ཉོག་འཐོན་ཏེ་འབད་རུང་ ལས་འགུལ་ལུ་རྒྱབ་བསྐྱོར་ཡོད་མི་ གཡུས་ཁའི་མི་ཚུ་གིས་ དུར་ཁྲོད་ཀྱི་གཞི་འགྱམ་ཡང་རྐྱབ་ཚར་ཏེ་ཡོདཔ་ཨིན་རུང་ ལཱ་འདི་ བཀག་བཞག་ནུག

འདས་པའི་བདུན་ཕྲག་ནང་ རྒེད་འོག་ཡིག་ཚང་གིས་ ས་གནས་འདི་ཁར་ རྡོ་སྤུངས་ཏེ་ཡོད་མི་ཚུ་ བཟོ་སྐྲུན་གྱི་ས་གནས་ གཞན་ཅིག་ཁར་སྐྱེལ་ནུག

ཨིན་རུང་ མི་ཚུ་གིས་ ཉན་མི་བཏུབ་དོ་ཡོདཔ་དང་ འདི་ཡང་ དུར་ཁྲོད་འདི་ ག་དེ་སྦེ་རུང་ ས་གནས་འདི་ཁ་ར་རྐྱབ་དགོཔ་སྦེ་ཨིན་མས།

ཉག་ཉོག་བརྡུང་མི་ཚུ་གི་གྲལ་ལས་ གཅིག་བྱང་ཆུབ་དང་ གཞན་མི་འདི་ མོ་གི་ ཨ་ཞེམོ་ཨིནམ་ད་ དུར་ཁྲོད་ཀྱི་འོག་ལུ་ར་ ཁོང་༢ ཀྱི་ས་ཡོདཔ་དང་ འདི་ཁར་ ཁྱིམ་རྐྱབ་ནིའི་འཆར་གཞི་ཡོདཔ་ཨིན་མས།

རྒེད་འོག་བདག་སྐྱོང་དང་འཁྲིལ་བ་ཅིན་ གཡུས་མི་ཚུ་གི་ནང་དོག་ ཉོགས་འཛིན་ཡོད་མི་ལས་བརྟེན་ དུར་ཁྲོད་རྐྱབ་ནིའི་དོན་ལུ་ སྲོལ་འཛིན་གྱི་ཉོགས་མེད་དང་ ས་ཆ་གླར་སྤྱོད་ཀྱི་ལག་ཁྱེར་ཚུ་ འཐོབ་མ་ཚུགས་ཟེར་ཨིན་མས།

འདི་འབདཝ་ལས་ རྒེད་འོག་ཡིག་ཚང་གིས་ ལས་འགུལ་གྱི་མ་དངུལ་འདི་ མདའ་ཡི་འབའ་ལྕོ་གཅིག་ནང་ ཟ་ཁང་རྐྱབ་ནིའི་དོན་ལས་ ཟད་སོང་བཏང་ཡོདཔ་ཨིན་མས།

ད་རུང་ ཆུ་མིག་རྒཔོ་གིས་སླབ་མི་ནང་ དུར་ཁྲོད་རྐྱབ་ནིའི་ལས་འགུལ་འདི་ ཆ་མེད་མ་བཏང་པར་ ཡོད་ཟེར་བཤད་ཅི།

རྫོང་ཁག་བདག་སྐྱོང་གིས་བཀོད་མི་ནང་ ཁོང་གི་ཁ་ཐུག་ལས་ སྤྱི་ཟླ་༣ པའི་ནང་ རྒེད་འོག་བདག་སྐྱོང་ལུ་ ལཱ་ཚུ་ འགོ་མ་བཙུགས་པའི་ཧེ་མ་ལས་ དགོས་མཁོ་བའི་བྱ་རིམ་ཚུ་སྒྲུབ་དགོཔ་སྦེ་ གསལ་བསྒྲགས་ཅིག་བཏང་ཡི་ཟེར་ཨིན་མས།

རྫོང་ཁག་གི་ཁ་ཐུག་ལས་ འདི་ལས་བརྒལ་ ག་ནི་ཡང་སླབ་མ་བཏུབ་ཨིན།

ས་ཆ་ཐོ་བཀོད་ལས་ཚན་གྱི་ ཐོ་བཀོད་དང་འཁྲིལ་བ་ཅིན་ སྤྱི་ལོ་༢༠༡༩ ལུ་ རྫོང་ཁག་གི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གིས་ སྤྱི་འོག་འདི་ནང་ར་ ས་གནས་ཡམ་ཁྲག་ཟེར་སར་ དུར་ཁྲོད་རྐྱབ་ནིའི་དོན་ལུ་ ས་ཆ་དྲིས་མཱལ་༢༣ བགོ་བཀྲམ་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ རྒཔོ་གིས་སླབ་མི་ནང་ ཟུང་ངེས་གི་མི་ཚུ་གིས་ དུར་ཁྲོད་འདི་ ད་རེས་ ཉོགས་འཛིན་འཐོན་ཡོད་པའི་ ས་གནས་ནང་ར་དགོཔ་སྦེ་ཨིནམ་ལས་ འཆར་གཞི་འདི་ དོན་དག་སྒྲུབ་མ་ཚུགས་ཟེར་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ སྐྱིབས་ཅུ། བུམ་ཐང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube