སྤྱི་ལོ་༢༠༢༠གི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས།

༉ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༢༠ ལོའི་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་གྲུབ་འབྲས་ཚུ་ གསལ་བསྒྲགས་འབད་ཡི།

ཆོས་རྒྱུགས་འདི་ནང་ལུ་ མཐོ་རིམ་སློབ་གྲྭ་དང་སྤེལ་ཁང་༡༢༠ལྷགཔ་ཅིག་གི་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་སློབ་ཕྲུག་༢༤༠༠མ་ལངམ་ཅིག་གིས་ བཅའ་མར་གཏོགས་ནུག

སྤྱི་ལོ་༢༠༡༩ལུ་ ཞི་གཡོག་ལྷན་ཚོགས་ཀྱི་ཆོས་རྒྱུགས་བཀལ་མི་ ༡༧༤༨ལས་བརྒལ་མ་འཐོནམ་ཨིན་རུང་ སྤྱི་ལོ་༢༠༢༠ལུ་ ༢༤༠༠ལུ་ ཡར་སེང་སོང་སྟེ་སྦེ་འདུག

སྤྱི་ལོ་༢༠༢༠ལོའི་ གོ་གནས་མ་འདྲཝ་ཚུ་གི་ནང་ལུ་ ཞི་གཡོག་པའི་ས་སྟོང་༨༤༠ལྷགཔ་ཅིག་ཡོདཔ་ཨིན་མས།

འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ སྤྱིར་བཏང་གི་དབྱེ་ཁག་ནང་ལས་ ཐའི་ལེནཌ་གི་ མེ་ཕ་ལུང་གཙུག་ལག་སློབ་སྡེ་ནང་ལས་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ སྨིན་དྲུག་བཟངམོ་གིས་ སྐུགས་ཚད་ ༦༨.༡༤%ཐོབ་སྟེ་ ཨང་དང་པ་འཐོན་ཏེ་སྦེ་འདུག

འདི་བཟུམ་སྦེ་ རྫོང་ཁའི་དབྱེ་ཁག་ནང་ལུ་ སྐད་ཡིག་དང་ལམ་སྲོལ་མཐོ་རིམ་སློབ་གྲྭ་ནང་ལས་ སྐད་ཡིག་དང་རྩོམ་རིག་གི་ཤེས་ཚད་མཐར་འཁྱོལ་མི་ རྡོ་རྗེ་དབང་གྲགས་ཀྱིས་ སྐུགས་ཚད་ ༧༠.༡༧%ཐོབ་སྟེ་ ཨང་དང་པ་འཐོན་ནུག

འཕྲུལ་རིག་གི་དབྱེ་ཁག་ནང་ལས་འབད་བ་ཅིན་ རྒྱ་གར་གྱི་ སྣུམ་དང་ནུས་ཤུགས་གཙུག་ལག་སློབ་སྡེ་ནང་ལས་ མཐར་འཁྱོལ་མི་ ཨོ་རྒྱན་ཚེ་རིང་གིས་ སྐུགས་ཚད་ ༧༥.༧༤%ཐོབ་སྟེ་ ཨང་དང་པ་འཐོན་ཏེ་སྦེ་འདུག

དེ་ལས་ འབྲུག་གི་ཞི་གཡོག་ཆོས་རྒྱུགས་ཀྱི་ ཤེས་རིག་གཙུག་ལག་གཞི་རིམ་གྱི་ རྫོང་ཁའི་དབྱེ་ཁག་ནང་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་ མཐར་འཁྱོལ་མི་ རིན་འཛིན་སྒྲོལ་མ་གིས་ སྐུགས་ཚད་ ༧༡.༤༧%ཐོབ་སྟེ་ ཨང་དང་པ་འཐོན་ནུག

ཤེས་རིག་གཙུག་ལག་གཞི་རིམ་གྱི་ སྤྱིར་བཏང་དབྱེ་ཁག་ནང་ལས་ སྤ་རོ་ཤེས་རིག་མཐོ་རིམ་སློབ་གྲྭ་ལས་མཐར་འཁྱོལ་མི་ འཇམ་དཔལ་དཔལ་བཟང་གིས་ སྐུགས་ཚད་་༧༧.༠༡%ཐོབ་སྟེ་ ཨང་དང་པ་འཐོན་ཡོདཔ་ཨིན་མས།

སྤྱི་ལོ་༢༠༢༠གི་ ཞི་གཡོག་ཆོས་རྒྱུགས་ནང་ལུ་ ཆོས་རྒྱུགས་བཀལ་མི་ སྟོང་ཕྲག་༢མ་ལངམ་ཅིག་གིས་ སྐུགས་ཚད་བརྒྱ་ཆ་༥༠ཡན་ཆད་ཐོབ་སྟེ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་འབད་མི་ སྐལ་བཟང་ཆོས་སྒྲོན། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube