གཟའ་ཟླ་བ། ༢༠༡༡ ཟླ་༤ པའི་སྤྱི་ཚེས་༢༥

འབྲུག་པའི་ན་གཞོན་ཚུ་ལུ་ ཚ་ལ་རྐྱབ་ནི་གི་ལཱ་གཡོག་གི་ གོ་སྐབས་ཐོབ་སྟེ་ཡོདཔ།

སྤྱི་ཟླ་༣ པའི་ཚེས་ ༣༠ ༢༠༢༡

༉ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ལས་བརྟེན་ཏེ་ འབྲུག་མི་མང་ཤོས་ཅིག་ལུ་རང་ གོ་སྐབས་ཚུ་ བཟོ་ཚུགས་ཏེ་ཡོད་ས་ལས་ གཅིག་འདི་ གཞལ་སྒང་ལུ་ འབྲུག་པའི་ན་གཞོན་ཚུ་ལུ་ ཚ་ལ་རྐྱབ་ནི་གི་ལཱ་གཡོག་གི་ གོ་སྐབས་ཐོབ་མི་འདི་ཨིན་མས།

ཁོང་ཚ་ལ་རྐྱབ་མི་ཚུ་ གསར་སྤང་ འཇིགས་མེད་དབང་ཕྱུག་གློག་མེ་སྦྱོང་བརྡར་སྤེལ་ཁང་ནང་ལས་ མཐར་འཁྱོལ་མི་ཚུ་ཨིནམ་ད་ ཁོང་ཆ་ཁྱབ་ཀྱིས་ ལཱ་དེ་སྦེ་འབད་ཚུགས་མི་འདི་གིས་ ཁག་འབགཔ་ལུ་ཡང་ ཕན་ཐོགས་འབྱུང་སྟེ་འདུག

ན་གཞོན་ཚུ་གིས་ འབྲུག་ཡུལ་བཟོ་སྐྲུན་ལས་འགུལ་གྱི་འོག་ལུ་ གཞལ་སྒང་ལུ་ ལྕགས་དེ་སྦེ་མཐུད་ནི་གི་ལཱ་འབད་དེ་ ལོ་ལང་སོངམ་ལས་ ད་ལྟོ་ཚུན་ཚོད་ སྒྲིང་ཁྱིམ་གསུམ་གྱི་ནང་ལུ་ ལཱ་ཚུ་འབད་ནུག

ཁོང་ཆ་ཁྱབ་ སྦྱོང་བརྡར་སྤེལ་ཁང་ནང་ལས་ ན་ཧིང་ མཐར་འཁྱོལཝ་ཅིག་རང་འབདཝ་ལས་ ད་རེས་ སྐྱེས་ལོ་༢༠ གྲངས་ནང་ལུ་སྦེ་ ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ད་རེས་ ནད་ཡམས་ལས་བརྟེན་ཏེ་ ཕྱིའི་ལས་མི་ཚུ་མེད་པའི་སྐབས་ ཚ་ལ་རྐྱབ་ནི་གི་སྦྱོང་བརྡར་འབད་མི་འདི་ ཕན་ཐོགས་ཅན་ཅིག་ལུ་ འགྱུར་ཏེ་འདུག

ཚ་ལ་རྐྱབ་མི་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་སྦྱོང་བརྡར་མཇུག་བསྡུ་པའི་ཤུལ་ལུ་ སྤལ་ཁང་གིས་ ཕྲངམ་ཕྲང་ས་ར་ འབྲུག་ཡུལ་བཟོ་བསྐྲུན་ལས་འགུལ་གྱི་འོག་ལུ་ ལཱ་འབད་བར་བཏང་ཡི་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱི་བཀོད་མི་ནང་ ལས་འགུལ་འདི་གི་འོག་ལུ་ ཚ་ལ་རྐྱབ་ནི་རྐྱངམ་གཅིག་གིས་མ་དོ་བར་ རྡོ་བཟོ་དང་ཤིང་བཟོ་ དེ་ལས་ བཟོ་སྐྲུན་གྱི་ག་ར་འབད་དགོ་དོ་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ཚ་ལ་རྐྱབ་ནི་གི་ལཱ་འབད་བའི་སྐབས་ གདོང་བདག་འཛིན་འཐབ་ནི་གི་དོན་ལུ་ གདོང་སྤུབ་ནི་བཟུམ་གྱི་ ཉེན་སྲུང་ཅ་ཆས་ཚུ་ ཐོབ་མ་ཚུགས་པའི་གདོང་ལེན་འབྱུང་དོ་ཡོདཔ་སྦེ་བཤད་ཅི།

ཨིན་རུང་ ཁོང་ལ་ལུ་ཅིག་དང་འཁྲལ་བ་ཅིན་ སྟབས་མ་བདེཝ་ག་ནི་ཡང་མེད་པར་ ལཱ་ཚུ་ལེགས་ཤོམ་སྦེ་རང་ འགྱོ་དོ་ཡོདཔ་སྦེ་ཨིན་མས།

ཁག་འབགཔ་དང་འཁྲིལ་བ་ཅིན་ ཁོང་ན་གཞོན་ཚུ་ལས་བརྟེན་ཏེ་ ཚ་ལ་རྐྱབ་མི་གི་ཐད་ཁར་ ནང་དོག་མ་དགོ་པར་ ཕན་ཐོགས་ཏེ་ཡོད་ཟེར་ཨིན་མས།

ཨིན་རུང་ ཁོང་ཆ་ཁྱབ་ ད་ལྟོའི་བར་ན་ཡང་ གཞུང་ལས་ དངུལ་ཕོགས་ཡར་སེང་ཐོབ་པའི་ རེ་བ་བསྐྱེད་དེ་རང་འདུག་ཟེར་བཤད་ཅི།

ཁོང་ཆ་ཁྱབ་ཀྱིས་ ད་རེས་ གཞལ་སྒང་ལུ་ བཟོ་བསྐྲུན་གྱི་ལཱ་ཚུ་ནང་ལས་ཕར་ ཕན་ཐོགས་ཏེ་ཡོད་རུང་ ནད་ཡམས་ཞི་བའི་བསྒང་ལས་ གནས་སྟངས་འདི་ ག་དེ་འབད་འོང་ག་ ད་ལྟོ་ སླབ་མི་ཤེས་དོ་ཡོདཔ་སྦེ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ པདྨ་བསམ་གྲུབ། གཞལ་སྒང་།