གཞལ་སྒང་ལུ་ ཕ་སོན་ཁབ་ཡོངས་གྲགས་འཐོན་དོ་ཡོདཔ།

༉ གཞལ་སྒང་རྫོང་ཁག་ནང་ ཕ་སོན་ཁབ་བཙུགས་ནི་གི་ལས་རིམ་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་དོ་ཡོད་མི་དང་བསྟུན་ རྫོང་ཁག་འདི་ནང་གི་ སོ་ནམ་པ་ལེ་ཤ་ཅིག་གིས་རང་ ཕ་སོན་ཁབ་ཚུ་བཙུགས་ནི་ལུ་ དངས་འདོད་བསྐྱེད་དོ་ཡོདཔ་ཨིན་མས།

སྤྱི་ལོ་ ༢༠༠༦ ལུ་ འགོ་བཙུགས་ཏེ་ཡོད་མི་ ལས་རིམ་འདི་གིས་ མི་སེར་སོ་ནམ་པ་ཚུ་ལུ་ འོང་འབབ་མང་སུ་ཅིག་སྦེ་བཟོ་ནི་ནང་ ལྷན་ཐབས་འབྱུང་སྟེ་འདུག

འདི་ཡང་ སོ་ནམ་པ་ཚུ་གིས་ རིགས་སོན་སྤེལ་ཏེ་ཡོད་པའི་ ནོར་གྱི་རིགས་ཚུ་ལས་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཡར་སེང་གཏང་ཞིནམ་ལས་ འོང་བབས་ཡང་ཐེབས་བཟོ་ཚུགས་དོ་ཡོདཔ་ཨིན་མས།

ཕ་སོན་ཁབ་ཀྱི་ལས་རིམ་ལས་བརྟེན་ གྲུབ་འབྲས་ཚུ་ ལེགས་ཤོམ་སྦེ་རང་ འཐོན་པའི་ཤུལ་མ་ གཞན་མི་གཡུས་ཚན་གྱི་སོ་ནམ་པ་ཚུ་གིས་ཡང་ ཞབས་ཏོག་འདི་ ལེན་ནི་འགོ་བཙུགས་ཏེ་འདུག

ཕ་སོན་ཁབ་ཀྱི་ལས་རིམ་ལས་བརྟེན་ ཁེ་ཕན་འབྱུང་མི་ སོ་ནམ་པ་དག་པ་ཅིག་གིས་སླབ་མི་ནང་ ལས་རིམ་འདི་ལས་བརྟེན་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ ཡར་སེང་གཏང་ནི་ནང་ ཕན་ཐོགས་འབྱུང་སྟེ་ཡོད་ཟེར་བཤད་ཅི།

གཞལ་སྒང་ ཀྲོང་ལས་ དཔལ་འབྱོར་གྱིས་སླབ་མི་ནང་ ཕ་སོན་ཁབ་ཀྱི་ཐོག་ལས་ བོའུ་ཅུང་འདི་ གླང་ཅུང་ཅིག་ཨིན་རུང་ ཉོ་མི་མེད་པའི་ ཚ་གྱང་ལངས་མི་དགོ་པས་ཟེར་ཨིན་མས།

འདི་ཡང་ རྫོང་ཁག་སྒོ་ནོར་ལས་ཚན་གྱིས་ མི་སེར་ཚུ་ལས་ གླང་ཅུང་ཚུ་ཉོ་ཞིནམ་ལས་ གཡུས་གཞན་ཁ་ལས་ཕར་ ཕ་གླང་སྦེ་བཏང་དོ་ཡོདཔ་ཨིན་མས།

དེ་བཟུམ་སྦེ་ ཀྲོང་རྒེད་འོག་ལས་ རྡོ་རྗེ་དབང་ཕྱུག་གིས་བཤད་མིའི་ནང་ ཧེ་མ་འབད་བ་ཅིན་ བ་ཚུ་བདའ་སྟེ་ སྒོ་ནོར་སྨན་ཁང་ནང་ཚུན་ཚོད་འགྱོ་དགོཔ་ཨིན་རུང་ ད་རེས་ སྒོ་ལས་སྒོ་བརྒྱུད་དེ་ ཕ་སོན་ཁབ་བཙུགས་ནིའི་ཞབས་ཏོག་ཡོདཔ་ལས་ སྟབས་བདེ་ཏོག་ཏོ་ཡར་སོང་ཡི་ཟེར་ཨིན་མས།

ད་རུང་ ཕ་སོན་ཁབ་ལས་བརྟེན་ ཨོམ་གྱི་ཐོན་ཤུགས་ཡང་ ཡར་སེང་འགྱོ་སྟེ་ཡོད་ཟེར་ རྡོ་རྗོ་དབང་ཕྱུག་གིས་བཤདཔ་ཨིན་མས།

གཞལ་སྒང་གི་ རྫོང་ཁག་སྒོ་ནོར་འགོ་དཔོན་ ཨོ་རྒྱན་ལྷུན་གྲུབ་ཀྱིས་བཤད་མི་ནང་ ཕ་སོན་ཁབ་ཀྱི་ཐད་ཁར་ སོ་ནམ་པ་ཚུ་ལས་ ངོས་ལེན་ལེགས་ཤོམ་ཐོབ་མི་ལུ་བརྟེན་ ཡིག་ཚང་གི་ཁ་ཐུག་ལས་ ཕོ་མོའི་དབྱེ་བ་ཕྱེ་སྟེ་ཡོད་མི་ ཕ་སོན་ཁབ་བཙུགས་ནི་གི་ལས་རིམ་འདི་ཡང་ འགོ་བཙུགས་ནི་གི་འཆར་གཞི་ཡོད་ཟེར་ཨིན་མས།

ད་ལྟོ་ཚུན་ཚོད་ རྫོང་ཁག་འདི་ནང་ ཕ་སོན་ཁབ་ ༣༠༠ ལྷགཔ་ཅིག་བཙུགས་ཏེ་ཡོད་པའི་ཁར་ བོའུ་ཅུང་ ༡༥༠ ལྷགཔ་ཅིག་འདི་ ཕ་གླང་སྦེ་ གཡུས་སྒོ་སོ་སོ་ཚུ་ནང་ལས་ཕར་ བཀྲམ་སྤེལ་འབད་དེ་འདུག

 གནས་ཚུལ་བསྡུ་ལེན་པ་ པདྨ་བསམ་གྲུབ། གཞལ་སྒང་།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube