འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་འདི་ ཚོགས་སྡེ་སྦེ་བཟོ་སྟེ་ཡོདཔ།

༉ འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་འདི་ འབྲུག་དབང་པོ་སྐྱོན་ཅན་ཚོགས་སྡེ་སྦེ་ བཟོ་སྟེ་འདུག

རྒྱལ་ཁབ་ནང་ལུ་ཡོད་པའི་ དབང་པོ་སྐྱོན་ཅན་ཚུ་གིས་བཀོད་མི་ནང་ ཁོང་ཆ་ཁྱབ་ཀྱི་ མི་ཚེའི་གནས་སྟངས་དང་བསྟུནམ་ད་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་འདི་ ཚོགས་སྡེ་ལུ་ ཡར་དྲག་བཏང་དགོཔ་ ཁག་ཆེཝ་སྦེ་རང་མཐོང་ཡི་ཟེར་བཤད་ཅི།

ད་རེས་བཟུམ་ཅིག་འབད་བ་ཅིན་ དབང་པོ་ལུ་སྐྱོན་ཕོག་མི་ཚུ་ལུ་ རྒྱབ་སྐྱོར་འབད་ནི་གི་དོན་ལས་ ཞི་བའི་མི་སྡེ་ལས་ཚོགས་ལེ་ཤ་ཅིག་གིས་ ལཱ་ཚུ་ རང་དབང་གི་ཐོག་ལས་ འབད་དོ་ཡོདཔ་ཨིན་མས།

ཨིན་རུང་ ད་རེས་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་འདི་ ཚོགས་སྡེ་ལུ་ ཡར་དྲག་བཏང་སྟེ་ཡོད་མི་དང་བསྟུན་ ད་ལས་ཕར་ ཞི་བའི་མི་སྡེ་ལས་ཚོགས་ག་རང་གིས་ ཚོགས་སྡེ་གཅིག་གི་འོག་ལུ་ ལཱ་འབད་ཚུགས་ནི་ཨིན་མས།

འབྲུག་དབང་པོ་སྐྱོན་ཅན་ཚོགས་པ་འདི་ཡང་ སྤྱི་ལོ་༢༠༠༨ལུ་ གཞི་བཙུགས་འབད་དེ་ སྤྱི་ལོ་༢༠༡༠་ལུ་ཐོ་བཀོད་འབད་ནུག

འབྲུག་དབང་པོ་སྐྱོན་ཅན་ཚོགས་སྡེའི་ཁྲི་འཛིན་ དྲུང་འཚཅ་སངས་སྔགས་རྡོ་རྗེ་གིས་སླབ་མི་ནང་ ཚོགས་སྡེ་འདི་ འགོ་ཐོག་གཞི་བཙུགས་འབད་བའི་སྐབས་ དམིགས་ཡུལ་ཁག་གཉིས་སྡོད་ཡི་ཟེར་ཨིན་མས།

དམིགས་ཡུལ་དང་པ་འདི་ དབང་པོ་སྐྱོན་ཅན་འབད་མི་ཚུ་དང་ ཁོང་གི་ཕམ་ཚུ་ལུ་ དབང་པོ་སྐྱོན་ཅན་གྱི་སྐོར་ལས་ གོ་བརྡ་སྤེལ་ནི་འདི་ཨིན་མས།

དེ་ལས་ དམིགས་ཡུལ་གཉིས་པ་འདི་ འཆར་གཞི་དང་སྲིད་བྱུས་ཚུ་བརྩམ་པའི་སྐབས་ དབང་པོ་སྐྱོན་ཅན་ཚུ་ཡང་ སེམས་ཁར་བཞག་སྟེ་འབད་ནི་ལུ་ དམིགས་ཡུལ་བསྐྱེད་དེ་ཨིན་ཟེར་ དྲུང་འཚོ་སངས་སྔགས་རྡོ་རྗེ་གིས་བཤདཔ་ཨིན་མས།

ད་རེས་ ཚོགས་པ་འདི་ ཚོགས་སྡེ་ལུ་ཡར་དྲག་བཏང་མི་འདི་གིས་ དབང་པོ་ལུ་ཐོག་ཕོག་མི་ག་རང་ གཅིག་ཁར་འབག་ཞིནམ་ལས་ རྒྱབ་སྐྱོར་འབད་ཚུགས་པའི་ ཁེ་ཕན་འབྱུང་ནི་ཨིན་མས།

ད་རུང་ འབྲུག་དབང་པོ་སྐྱོན་ཅན་ཚོགས་པའི་ཁྲི་འཛིན་ དྲུང་འཚོ་སངས་སྔགས་རྡོ་རྗེ་གིས་བཤད་མིའི་ནང་ ད་རེས་ མི་ཚུ་གིས་ དབང་པོ་སྐྱོན་ཅན་ཟེརཝ་ད་ མིག་ཏོ་མ་མཐོང་མི་དང་ རྣམ་ཅོ་མ་གོ་མི་ དེ་ལས་ རྐང་ཁྲི་འཁོར་ལོ་ཅནམ་ལག་ལེན་འཐབ་མི་ཚུ་རྐྱངམ་ཅིག་ དབང་པོ་སྐྱོན་ཅན་ཨིནམ་སྦེ་ བརྩིཝ་མས་ཟེར་ཨིན་མས།

ཁོ་གིས་སླབ་མི་ནང་ ན་འཐེན་སྦེ་ལྟ་བ་ཅིན་ དབང་པོ་སྐྱོན་ཅན་ཨིནམ་སྦེ་བརྩི་ཐངས་ལེ་ཤ་ཡོད་ཟེར་ཨིནམ་ལས་ འདི་ཚུ་ག་ར་ བརྩི་འཇོག་འབད་དགོ་ཟེར་བཤད་ཅི།

འབྲུག་གི་ཁྱིམ་དང་མི་རློབས་གྲངས་རྩིའི་སྙན་ཞུ་༢༠༡༧ཅན་མ་དང་འཁྲིལཔ་ད་ རྒྱལ་ཁབ་ནང་ལུ་ དབང་པོ་ལུ་ཐོག་ཕོག་མི་ མི་གྲངས་སྟོང་ཕྲག་༡༥ལྷགཔ་ཅིག་ཡོདཔ་སྦེ་ཨིན་མས།

འདི་ཚུ་གི་གྲལ་ལས་ མང་ཤོས་ཅིག་རང་ མཐའ་ཟུར་གྱི་གནས་ཚུ་ནང་ལས་ཕར་ཡོདཔ་སྦེ་མཐོང་ནུག

གནས་ཚུལ་བསྡུ་ལེན་པ་ རྣམ་རྒྱལ་དབང་ཕྱུག སྤ་རོ།

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube