བལྟ་བཤལཔ་འོང་ནི་མེད་རུང་ ཕྱགས་སྙིགས་བཀོ་མི་ཨ་རྟགས་བཟུམ་སྦེ་ར་ཡོདཔ།

༉ རྒྱལ་ཁབ་ནང་ལུ་ ནད་ཡམས་འཐོན་མི་ལས་ཚུར་ ད་ལྟོ་ཚུན་ཚོད་ ཕྱིའི་བལྟ་བཤལཔ་ཚུ་མེད་པར་ ཡུདཔ་ཅིག་ ལོ་ཡང་ལང་དོ་ཡོདཔ་ཨིན།

ཨིན་རུང་ བལྟ་བཤལཔ་ཚུ་འོང་སའི་ ས་གོ་ཚུ་ནང་ལས་ཕར་ ཕྱགས་སྙིགས་དང་འབྲེལ་བའི་གནད་དོན་འདི་ ཧེ་མ་བཟུམ་སྦེ་ འཐོན་ཏེ་རང་ཡོདཔ་ཨིན་མས།

ཧེ་མ་ ཕྱགས་སྙིགས་བཀོ་མི་གི་ཐད་ཁར་ བལྟ་བཤལཔ་ཚུ་ལུ་ ཁ་བཏང་སྟེ་སྡོད་ཡོདཔ་ཨིན་རུང་ མཐའ་འཁོར་མཁས་མཆོག་ཚུ་གིས་སླབ་མི་ནང་ འབྲུག་མི་ཚུ་གིས་ཡང་ ཕྱགས་སྙིགས་ཚུ་ འདྲན་འདྲ་སྦེ་རང་ བཀོཝ་ཨིན་མས་ཟེར་བཤད་ཅི།

རང་དབང་གི་ལམ་སྟོན་པ་ཅིག་ཨིན་མི་ མགོན་པོ་འདི་ ད་རེས་ནངས་པ་ ཕྱགས་སྙིགས་བསྡུ་ནི་གི་ལཱ་ཚུ་ འབད་སར་མཐོང་དོ་ཡོདཔ་མས།

འདི་ཡང་ ཁོ་གིས་ གཟའ་ཉིམ་ཨ་རྟག་རང་ ཐིམ་ཁྲོམ་གྱི་ས་སྒོ་དང་ གཞན་མི་བྱིན་རླབས་ཅན་གྱི་ གནས་ཡོད་སའི་ས་སྒོ་ཚུ་ནང་ལས་ཕར་ ཕྱགས་སྙིགས་བསྡུ་ནི་གི་ལས་རིམ་ཚུ་ འགོ་འདྲེན་འཐབ་ཨིན་མས།

ཁོ་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ ཕྱགས་སྙིགས་བཀོ་མི་འདི་ ཕྱིའི་བལྟ་བཤལཔ་ཚུ་ཨིནམ་སྦེ་ མནོ་བསམ་བཏང་སྟེ་སྡོད་ཅི་ཟེར་ཨིན་རུང་ ན་འཐེན་སྦེ་བལྟཝ་ད་ ང་བཅས་རའི་མི་ཚུ་ཨིན་མས་ཟེར་བཤད་ཅི།

ཧེ་མ་ ནང་འཁོད་ཀྱི་བལྟ་བཤལཔ་ཚུ་ དེ་ཅིག་རང་འོང་ནི་མེད་པའི་ ས་སྒོ་ཚུ་ནང་ཡང་ ད་རེས་ནངས་པ་ མི་འོང་མི་གི་གྱངས་ཁ་འདི་ ཡར་སེང་འགྱོ་སྟེ་ཡོདཔ་སྦེ་ མཐོང་དོ་ཡོདཔ་ཨིན་མས།
མི་ཚུ་གིས་ ཕྱགས་སྙིགས་ཚུ་ཡང་ དམ་སྦྱིས་དང་ཆུ་ཤོག་ དེ་ལས་ ཨ་ལུ་དང་ཨམ་སྲུ་ཚུ་གི་གཙང་རས་ འདི་བཟུམ་སྦེ་ གཞན་མི་ཕྱགས་སྙིགས་ཀྱི་རིགས་ཚུ་ བཀོ་བཞག་སར་མཐོང་ཚུགསཔ་ཨིན་མས།

འདི་ཡང་ དཔེ་འབད་བ་ཅིན་ ཆུ་སྦུག་ཚ་ཆུ་གི་ས་ཁོངས་ནང་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ག་ལྷོད་སྦེ་བཀོ་བཞག་སར་མཐོང་དོ་ཡོདཔ་ད་ འདི་ཡང་ ས་ཁོངས་འདི་ནང་ ཉིནམ་ཨ་རྟག་རང་ ཕྱགས་བརྡར་རྐྱབ་དོ་ཡོདཔ་ཨིན་རུང་ འགྱུར་བ་ག་ནི་ཡང་མི་འོང་དོ་ཡོདཔ་ཨིན་མས།

ཀི་ལིན་བྷུ་ཊན་གྱི་བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་ཚེ་རིང་གིས་སླབ་མི་ནང་ ཧེ་མ་ ཕྱགས་སྙིགས་བཀོ་མི་འདི་ ལུང་ཕྱོགས་ཀྱི་བལྟ་བཤལཔ་ཚུ་ཨིནམ་སྦེ་ ཁ་བཏང་སྟེ་སྡོད་ཡོདཔ་ཨིན་རུང་ ད་རེས་འབདཝ་ད་ ང་བཅས་རའི་མི་ཚུ་གིས་ཡང་ བཀོ་དོ་ཡོདཔ་སྦེ་ཧ་གོ་ཡི་ཟེར་བཤད་ཅི།

ད་རེས་ རྒྱལ་ཁབ་ནང་ ནང་འཁོད་ཀྱི་བལྟ་བཤལ་འདི་ ཡར་དྲག་འགྱོ་དོ་ཡོད་མི་དང་བསྟུན་ ཕྱགས་སྙིགས་དང་འབྲེལ་བའི་དཀའ་ངལ་ཚུ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་མས།

ད་རུང་ བཀོད་ཁྱབ་མདོ་ཆེན་ དངོས་གྲུབ་ཚེ་རིང་གིས་བཤད་མིའི་ནང་ ཕྱགས་སྙིགས་ཀྱི་སྐོར་ལས་ གཅིག་གིས་གཅིག་ལུ་ ཁ་བཏང་མ་སྡོད་པར་ ག་ར་གིས་འགན་ཁུར་འབག་སྟེ་ རང་གི་ཕྱགས་སྙིགས་ཚུ་ རང་གིས་བདག་འཛིན་འཐབ་སྟེ་བཀོ་དགོཔ་འདུག་ཟེར་ཨིན་མས།

མཐའ་འཁོར་མཁས་མཆོག་ཚུ་གིས་བཀོད་མི་ནང་ ད་རེས་ ཕྱགས་སྙིགས་ཀྱི་དཀའ་ངལ་སེལ་ནི་གི་དོན་ལུ་ ཐབས་ཤེས་ཟེར་རུང་ཡང་ མི་ཚུ་གིས་ ཕྱགས་སྙིགས་ཚུ་ ཚུལ་མཐུན་སྦེ་བཀོ་དགོཔ་ཁག་ཆེ་ཟེར་ཨིན་མས།

 གནས་ཚུལ་བསྡུ་ལེན་པ་ བསམ་གཏན་སྒྲོལ་དཀར། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube