རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ ལྟེ་བ་འདི་གི་སློབ་སྦྱོང་འདི་ གཙུག་ལག་འོག་མའི་སློབ་སྦྱོང་ལུ་ རྒྱ་སྐྱེད་གཏང་ནི་ཨིནམ།

༉ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བ་གིས་ མགྱོགས་པ་རང་ ལྟེ་བ་འདི་གི་སློབ་སྦྱོང་འདི་ རྒྱལ་ཡོངས་གཙུག་ལག་འོག་མའི་སློབ་སྦྱོང་ལུ་ རྒྱ་སྐྱེད་གཏང་ནི་ཨིན་མས།

འདི་ཡང་ ད་རེས་ ལྟེ་བ་འདི་གིས་ གཙུག་ལག་འོག་མའི་རྩ་གཞུང་ཚུ་ བདེན་དཔྱད་འབད་ཚར་ཏེ་ཡོདཔ་ལས་ སློབ་སྦྱོང་འདི་ མགྱོགས་པ་རང་ འགོ་བཙུགས་ཚུགས་པའི་རེ་བ་འདུག

ད་རེས་ ལྟེ་བ་འདི་ནང་ སློབ་སྦྱོང་ཚུ་ཡང་ ཨེན་སི་ཀྲུ་དང་ཐྲི་ཟེར་ རྒྱལ་ཡོངས་ཀྱི་ལག་ཁྱེར་ ༢ པ་དང་ ༣ པའི་ནང་བྱིན་དོ་ཡོདཔ་ད་ སློབ་སྦྱོང་གི་གནས་ཡུན་འདི་ ལོ་ངོ་ ༢ ལས་ ༤ ཚུན་ཚོད་ཡོདཔ་ཨིན་མས།

སྤྱི་ལོ་ ༢༠༡༣ ལོའི་ འབྲུག་གི་ལག་རྩལ་ཤེས་ཡོན་གྱི་གཞི་བཀོད་དང་འཁྲིལ་པ་ཅིན་ ཨེན་སི་ཀྲུ་དང་ཐྲི་གི་ཤེས་ཚད་འདི་ གཙོ་བོ་རང་ ལག་ལེན་དངོས་བསྟར་ནང་མ་གཏོགས་ ལྷབ་སྦྱང་འདི་ བརྒྱ་ཆ་ ༢༠ དེ་ཅིག་ལས་བརྒལ་ འབད་ནི་མེདཔ་སྦེ་ཨིན་མས།

རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་དབུ་འཛིན་འོགམ་ ཕུརཔ་དབང་འདུས་ཀྱིས་སླབ་མི་ནང་ ད་ལྟོ་ཚུན་ཚོད་ ལྟེ་བ་འདི་གི་སློབ་སྦྱོང་འདི་ རྒྱལ་ཡོངས་ཀྱི་ལག་ཁྱེར་ ༢ པ་དང་ ༣ པ་སྦེ་ ངོས་ལེན་འབད་དེ་ཡོདཔ་མ་གཏོགས་ ཚུལ་མཐུན་གྱི་ཤེས་ཚད་གཅིག་སྦེ་ ངོས་འཛིན་འབད་དེ་མིན་འདུག་ཟེར་ཨིན་མས།

ད་རུང་ ཁོ་གིས་བཤད་མི་ནང་ ལྟེ་བ་གི་ཁ་ཐུག་ལས་ རྒྱལ་ཁབ་ནང་ དུས་དང་ཕུ་ལས་རང་ཡོད་པའི་ དངོས་མེད་ལམ་སྲོལ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་གཏང་ནི་གི་དོན་ལས་ སྦྱོང་བརྡར་པ་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ཚུ་བྱིན་ནི་ནང་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་རུང་ ཚུལ་མཐུན་གྱི་ལག་ཁྱེར་གཅིག་མེད་པའི་བསྒང་ལས་ ལཱ་ཁག་གཏང་མས་ཟེར་ཨིན་མས།

འདི་འབདཝ་ལས་ ཚར་གཅིག་ ལྟེ་བ་འདི་གི་སློབ་སྦྱོང་འདི་ གཙུག་ལག་འོག་མ་ལུ་རྒྱ་སྐྱེད་གཏང་པའི་བསྒང་ལས་ སྦྱོང་བརྡར་པ་ཚུ་ ལཱ་གཡོག་ཚུ་འཚོལ་བའི་སྐབས་ དགོས་མཁོའི་ཤེས་ཚད་ཚུ་དགོཔ་ཡོད་མི་ ཁྱད་ཚད་འདི་སྒྲུབ་ཚུགས་ནི་ཨིན་མས།

 འདི་བཟུམ་སྦེ་ རྒྱལ་ཡོངས་ཀྱི་གཙུག་ལག་འོག་མ་སྦེ་བཟོ་བའི་བསྒང་ལས་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྦྱོང་ལྟེ་བའི་ནང་ལས་མཐར་འཁྱོལ་མི་ཚུ་གིས་ ལྷན་ཁག་དང་རྫོང་ཁག་ དེ་ལས་ སློབ་གྲྭ་དང་ལས་སྡེ་མ་འདྲཝ་ཚུ་ནང་ལས་ཕར་ ལམ་སྲོལ་འགོ་དཔོན་ལས་རོགསཔ་དང་ འཆམ་དང་སྒྲིགས་ལམ་གྱི་སློབ་དཔོན་སྦེ་ ཕྱག་ཞུ་ཚུགས་ཟེར་བཤད་ཅི།

རྒྱལ་གཞུང་ཟློས་གར་སློབ་སྦྱོང་ལྟེ་བ་འདི་ཡང་ འབྲུག་པའི་འཆམ་དང་ཞབས་ཁྲ་ དེ་ལས་ སྙན་ཆ་ཚུ་ མི་ཉམས་གོང་འཕེལ་དང་ ཉམས་པ་སོར་ཆུད་འབད་ནི་གི་དོན་ལུ་ གཞུང་འབྲེལ་དུ་ སྤྱི་ལོ་ ༡༩༥༤ ལུ་ གཞི་བཙུགས་འབད་དེ་འདུག

ད་རེས་ ལྟེ་བ་འདི་ནང་ སློབ་སྦྱོང་འབད་མི་ ༤༠ ཡོདཔ་ཨིན་མས།

 

 

 

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube