གསར་སྤང་རྫོང་ཁག་ནང་ ན་གཞོན་སྡེ་ཚན་ཚུ་གིས་ ས་གཞི་གླར་སྤྱོད་ཁར་ལེན་ཏེ་ སོ་ནམ་གྱི་ལཱ་ཚུ་འབད་དོ་ཡོདཔ།

རྒྱལ་ཁབ་ནང་འཁོད་ཀྱི་ གཡུས་སྒོ་ལེ་ཤ་ཅིག་ནང་རང་ ས་གཞི་ཟ་སྤྱོད་མ་འབད་བར་ལུས་མི་གི་གནད་དོན་ཚུ་ འཐོན་དོ་ཡོད་མི་དང་བསྟུན་ གསར་སྤང་རྫོང་ཁག་ ཆུ་ཟངས་སྒང་རྒེད་འོག་ནང་ཡང་ གནས་སྟངས་འདི་ ཅོག་ར་འཐདཔ་སྦེ་རང་འཐོན་ཏེ་འདུག

ཨིན་རུང་ ད་རེས་ རྒེད་འོག་འདི་གི་གནས་སྟངས་འདི་ ཡར་དྲག་འགྱོ་དོ་ཡོདཔ་ད་ འདི་ཡང་ འཕྲལ་ཁམས་ཅིག་ཁར་ རྒེད་འོག་བདག་སྐྱོང་གིས་ ཟ་སྤྱོད་མ་འབད་བར་བཞག་སྟེ་ཡོད་མི་ ས་གཞི་ཨེ་ཀར་ ༡༡༢ དེ་ཅིག་ སོ་ནམ་གྱི་ལཱ་འབད་མི་ ན་གཞོན་སྡེ་ཚན་ཚུ་ལུ་ གླར་སྤྱོད་ཁར་བྱིན་ཏེ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ས་ཞིང་ཚུ་ཡང་ ཚར་གཅིག་ ཟ་སྤྱོད་མ་འབད་བར་བཞག་སྟེ་ཡོདཔ་ཨིན་རུང་ ད་རེས་ ས་ཞིང་འདི་ནང་ལས་ཕར་ ཨེ་མ་དང་ གཞན་མི་ཚོད་བསྲེ་གི་རིགས་ཚུ་ བཙུགས་ཏེ་ཡོདཔ་ཨིན་མས།

ད་རེས་ ས་ཞིང་འདི་ནང་ སོ་ནམ་གྱི་ལཱ་ཚུ་ཡང་ ན་གཞོན་སྡེ་ཚན་ ༣ གྱིས་འབད་དོ་ཡོདཔ་ད་ ཁོང་ཆ་ཁྱབ་ལུ་ སྒེར་གྱི་ས་ཞིང་འདི་སླར་སྤྱོད་འབད་ནི་ནང་ རྒེད་འོག་སོ་ནམ་ཡིག་ཚང་གིས་ རྒྱབ་སྐྱོར་འབད་དེ་འདུག

ཁོང་སྡེ་ཚན་ཚུ་གིས་ ས་ཞིང་འདི་ནང་ སོ་ནམ་གྱི་ལཱ་ཚུ་ཡང་ ན་ཧིང་ གནམ་སེར་ཁ་ལས་ འབད་ནི་འགོ་བཙུགས་ཡོདཔ་ད་ ས་གཞི་འདི་ཡང་ རིན་མེད་སྟོང་པ་སྦེ་ གླར་སྤྱོད་ཁར་བྱིན་ཏེ་འདུག

ཆུ་ཟངས་སྒང་རྒེད་འོག་གི་སོ་ནམ་རྒྱ་སྐྱེད་འགོ་དཔོན་ བཀྲ་ཤིས་ཟླ་བ་གིས་སླབ་མི་ནང་ ས་ཆའི་ཇོ་བདག་ཚུ་གིས་ ཁོང་རའི་ས་གཞི་ཚུ་ཡང་ ལོ་ ༣ ལས་ ༥ ཚུན་ཚོད་ གླར་སྤྱོད་ཁར་གཏང་ནི་སྦེ་ ཁས་ལེན་འབད་དེ་ཡོད་ཟེར་བཤད་ཅི།

ད་རུང་ ཁོ་གིས་བཤད་མི་ནང་ ད་རེས་ ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ཚུ་འབད་ནི་ནང་ གདོང་ཁར་འཐོན་པའི་སྐབས་ འབྲེལ་ཡོད་ལས་སྡེ་ཚུ་གིས་ རྒྱབ་སྐྱོར་འབད་དགོཔ་ཁག་ཆེ་བས་ཟེར་ཨིན་མས།

ཁོང་ན་གཞོན་ཚུ་གིས་ སོ་ནམ་གྱི་ལཱ་ཚུ་འབད་ནི་ནང་ དེ་སྦེ་བརྩོན་ཤུགས་བསྐྱེད་མི་འདི་ཡང་ ན་ཧིང་ ནད་ཡམས་ལས་བརྟེན་ རྒྱལ་ཁབ་ནང་ ཚོད་བསྲེ་མ་ལང་པའི་དཀའ་ངལ་འཐོན་པའི་ཤུལ་ལུ་ཨིན་མས།

འདི་འབདཝ་ལས་ ཁོང་ན་གཞོན་སྡེ་ཚན་ཚུ་གིས་ འདི་བཟུམ་གྱི་གནས་སྟངས་ནང་ སོ་ནམ་གྱི་ལཱ་ཚུ་འབད་བ་ཅིན་ གོ་སྐབས་ལེགས་ཤོམ་ཡོདཔ་སྦེ་མཐོང་སྟེ་འདུག

ཁོང་ན་གཞོན་ཚུ་གིས་སླབ་མི་ནང་ སོ་ནམ་གྱི་ཐོན་སྐྱེད་ཚུ་ཡང་ རྫོང་ཁག་ ༢༠ ག་རའི་ནང་ བཀྲམ་སྤེལ་འབད་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི།

ད་རེས་ སོ་ནམ་ལས་འགུལ་འདི་ལས་བརྟེན་ མི་སྡེ་འདི་ནང་ ལཱ་གཡོག་གི་གོ་སྐབས་ཚུ་ཡང་ བཟོ་ཚུགས་ཏེ་སྦེ་འདུག

འདི་བཟུམ་སྦེ་ ཐབས་ལམ་འདི་ལས་བརྟེན་ སོ་ནམ་པ་ཚུ་ལུ་འབད་བ་ཅིན་ ཧེ་མ་ལས་རང་ཡོད་པའི་ མི་དང་རི་དྭགས་སེམས་ཅན་གྱི་བར་ན་ སྟབས་མ་བདེ་བའི་གནད་དོན་ཚུ་མར་ཕབ་འབད་ནི་ནང་ ལྷན་ཐབས་འབྱུང་སྟེ་འདུག

སོ་ནམ་པ་ཚུ་གིས་བཤད་མི་ནང་ ན་ཧིང་ལས་འགོ་བཙུགས་ཏེ་ ས་མཚམས་ཚུ་བདའ་སྟེ་ སོ་ནམ་གྱི་ལཱ་ཚུ་འབད་མི་ལུ་བརྟེན་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་གནོདཔ་བཀལ་མི་འདི་གནད་དོན་འདི་ མར་ཕབ་འགྱོ་ཡི་ཟེར་ཨིན་མས།

འདི་ཡང་ ཧེ་མ་འབད་བ་ཅིན་ ལོ་ཐོག་ཕྱེད་ཀ་དེ་ཅིག་རང་ རི་དྭགས་སེམས་ཅན་ཚུ་གིས་ མེདཔ་བཏང་སྟེ་སྡོད་ཡོད་རུང་ ན་ཧིང་ གནད་དོན་ཁག་ ༢ ལས་བརྒལ་མ་འཐོན་པར་འདུག

འདི་དང་གཅིག་ཁར་ ལས་འགུལ་གྱི་ཇོ་བདག་ཚུ་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ལུ་ ས་ཞིང་ཚུ་ནང་ལས་ཕར་ལཱ་འབད་ནི་གི་དོན་ལུ་ ལས་མི་ཚུ་འཚོལ་ནི་གི་ཐད་ཁར་ ཚ་གྱང་ཡོད་ཟེར་བཤད་ཅི།

འདི་ཡང་ འབྲུག་པའི་ལས་མི་ཚུ་གིས་ གླ་ཆ་ཚུ་ མཐོ་སུ་ཅིག་དགོཔ་སྦེ་ སླབ་དོ་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ད་རེས་ འབྲུག་པའི་ལས་མི་ཚུ་གིས་ བཞེས་སྒོ་ཁོང་རང་གིས་བཅིང་འབག་པ་ཅིན་ ཉིནམ་རེ་ནང་ དངུལ་ཀྲམ་ ༤༠༠ དེ་རེ་སླབ་དོ་ཡོདཔ་ལས་ འདི་ལས་ཉུང་སུ་ཅིག་བྱིན་པ་ཅིན་ ལཱ་ཚུ་ འབད་མི་བཏུབ་དོ་ཡོདཔ་ཨིན་མས།

 རྒེད་འོག་སོ་ནམ་རྒྱ་སྐྱེད་ཡིག་ཚང་གིས་ ན་གཞོན་སྡེ་ཚན་ཚུ་ལུ་ ས་ཞིང་ལེན་བྱིན་ནི་གིས་མ་དོ་བར་ སོན་རིགས་དང་ཆུ་དུང་ དེ་ལས་ སྔོ་ཚལ་ཤེལ་ཁྱིམ་དང་ གཞན་མི་ཅ་ཆས་ཚུ་ རིན་མེད་སྟོང་པ་སྦེ་བྱིན་ཏེ་ཡོད་པའི་ཁར་ མཁས་རིག་གི་རྒྱབ་སྐྱོར་ཚུ་ཡང་འབད་དེ་འདུག

 

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube