སློབ་གྲྭ་ཚུ་ནང་ ཚན་རིག་བསྟར་སྤྱོད་ཀྱི་ཆོས་ཚན་འདི་ གདམ་ཁ་གི་ཆོས་ཚན་ལྔ་པ་སྦེ་ གཞི་བཙུགས་འབད་དགོ་པའི་གྲོས་འཆར་བཀོད་དོ་ཡོདཔ།

༉ དུས་རབས་ ༢༡ པའི་ དཔལ་འབྱོར་འདུན་ལམ་གྱི་ལམ་སྟོན་ཟིན་བྲིས་དང་འཁྲིལ་པ་ཅིན་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ནང་ལས་ཕར་ ཚན་རིག་བསྟར་སྤྱོད་ཀྱི་ཆོས་ཚན་འདི་ གདམ་ཁ་གི་ཆོས་ཚན་ ༥ པ་སྦེ་ གཞི་བཙུགས་འབད་དགོཔ་འདུག་ཟེར་ཨིན་མས།

གྲོས་འཆར་འདི་ཡང་ འཕྲུལ་རིག་དང་ལག་རྩལ་སྦྱོང་བརྡར་ཤེས་ཡོན་འདི་ ཤེས་རིག་རྩ་གཞུང་གི་ལམ་ལུགས་ནང་ བཙུགས་པའི་ཤུལ་ལུ་བཀོད་དེ་འདུག

ད་རེས་ རྒྱལ་ཁབ་ནང་ སློབ་རིམ་ ༡༠ པ་མཐར་འཁྱོལ་བའི་ཤུལ་མ་ ཆོས་ཚན་གྱི་གདམ་ཁ་ཚུ་ཡང་ ཚན་རིག་དང་ནང་རིག་ དེ་ལས་ ཚོང་རིག་དང་རིག་གཞུང་ཚུ་ལས་བརྒལ་མེདཔ་ཨིན།

དཔལ་འབྱོར་འདུན་ལམ་གྱི་ལམ་སྟོན་ཟིན་བྲིས་དང་འཁྲིལ་པ་ཅིན་ ད་རེས་ ལག་རྩལ་ཤེས་ཡོན་དང་ ཤེས་རིག་རྩ་གཞུང་གི་བར་ན་ འབྲེལ་བ་དེ་ཅིག་རང་མེད་མི་ལུ་བརྟེན་ ཚན་རིག་བསྟར་སྤྱོད་ཀྱི་ཆོས་ཚན་འདི་ དགོཔ་ཁག་ཆེཝ་སྦེ་རང་འདུག་ཟེར་ཨིན་མས།

འདི་ཡང་ ཟིན་བྲིས་ནང་བཀོད་མི་དང་འཁྲིལཝ་ད་ ཚན་རིག་བསྟར་སྤྱོད་ཀྱི་ཆོས་ཚན་ནང་ལས་ མཐར་འཁྱོལ་མི་སློབ་ཕྲུག་ཚུ་གིས་ ལཱ་གཡོག་ནང་འཛུལ་ནི་དང་ ཡང་ན་ མཐོ་རིམ་སློབ་གྲྭ་ཚུ་ནང་ལས་ཕར་ ཤེས་ཡོན་འཕྲོ་མཐུད་དེ་རང་བལྟ་ནི་ནང་ གདམ་ཁ་ཚུ་བྱིན་ཚུགས་ཟེར་ཨིན་མས།

ད་རུང་ སྙན་ཞུ་དང་འཁྲིལཔ་ད་ ད་རེས་ སློབ་རིམ་ ༡༠ པ་མཐར་འཁྱོལ་མི་སློབ་ཕྲུག་ག་ར་ལུ་ ཆོས་ཚན་ཚུ་གདམ་ཁ་རྐྱབ་ནི་ནང་ རྒྱབ་སྐྱོར་འབད་སྲོལ་ཡོད་མི་འདི་ཡང་བསྐྱར་ཞིབ་འབད་དགོཔ་འདུག་ཟེར་ཨིན་མས།

འདི་ཡང་ སློབ་ཕྲུག་བརྒྱ་ཆ་ཉུང་ཤོས་རང་ ༤༠ ལས་ ༥༠ དེ་ཅིག་ལུ་ འཕྲུལ་རིག་དང་ལག་རྩལ་སྦྱོང་བརྡར་ཤེས་ཡོན་གྱི་ཆོས་ཚན་ཚུ་ལྷབ་སྦྱང་འབད་ནི་ནང་ སེམས་ཤུགས་བྱིན་ནི་གི་དོན་ལུ་ཨིན་མས།

ད་རུང་ ཟིན་བྲིས་དང་འཁྲིལ་པ་ཅིན་ འཕྲུལ་རིག་དང་ལག་རྩལ་སྦྱོང་བརྡར་ཤེས་ཡོན་དང་འབྲེལ་བའི་སྤེལ་ཁང་ཚུ་ལུ་ ཁོང་རའི་འགན་དབང་ཚུ་ བསྟར་སྤྱོད་འབད་ནི་གི་དོན་ལས་ འབྲུག་རྒྱལ་འཛིན་གཙུག་ལག་སློབ་སྡེ་བཟུམ་སྦེ་རང་ རང་དབང་ཚུ་བྱིན་དགོཔ་འདུག་ཟེར་ཨིན་མས།

འདི་ཡང་ ཟིན་བྲིས་འདི་གིས་ འཕྲུལ་རིག་དང་ལག་རྩལ་སྦྱོང་བརྡར་ཤེས་ཡོན་གྱི་ལམ་ལུགས་ལུ་ རང་དབང་དང་ སྟབས་བདེ་སྒྲིག་བཟོ་ནི་གི་དོན་ལས་ འབྲུག་གསར་བཏོད་དང་འཕྲུལ་རིག་གི་ཚོགས་སྡེ་གཅིག་ གཞི་བཙུགས་འབད་དགོ་པའི་ གྲོས་འཆར་བཀོད་དེ་འདུག

ད་རེས་ འཕྲུལ་རིག་དང་ལག་རྩལ་སྦྱོང་བརྡར་ཤེས་ཡོན་ལམ་ལུགས་འདི་ ལས་གཡོག་ལྷན་ཁག་གི་འོག་ལུ་འབདཝ་ལས་ ཤེས་རིག་རྩ་གཞུང་གི་ལམ་ལུགས་ནང་ འབྲེལ་བ་ག་ནི་ཡང་མེདཔ་སྦེ་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ དུས་རབས་ ༢༡ པའི་ དཔལ་འབྱོར་གྱི་འདུན་ལམ་ལམ་སྟོན་འདི་གིས་ ཤུལ་མའི་ལོ་ ༡༠ གྱི་དོན་ལུ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་གྱི་ཐད་ཁར་ ཐབས་བྱུས་དང་ལམ་སྟོན་ཚུ་འབདཝ་ཨིན་མས།

ལམ་སྟོན་འདི་བཟོ་ནི་གི་དོན་ལུ་ རྒྱལ་ཡོངས་ལས་བྱེད་ཚོགས་ཆུང་གིས་ ལཱ་ཚུ་ འདས་པའི་ལོ་ ༡ གི་ཧེ་མ་ལས་ འབད་ནི་འགོ་བཙུགས་ཏེ་ཡོདཔ་ད་ ཟིན་བྲིས་འདི་ཡང་ སྤྱི་ཟླ་འདི་གི་སྤྱི་ཚེས་ ༢༡ གི་ཚེས་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ལྷན་ཚོགས་བརྒྱུད་དེ་ གཞུང་ལུ་ ཕུལ་ཏེ་འདུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube