ཐིམ་ཕུག་སི་ཊི་ཨེཕ་སི་གིས་ ལྷོ་ཨེ་ཤི་ཡན་རྐང་རྩེད་འགྲན་བསྡུར་གྱི་དོན་ལས་ སྔོན་འགྲོའི་རྩེད་འགྲན་འབད་ནི་ཨིནམ།

༉ ཐིམ་ཕུག་སི་ཊི་ཨེཕ་སི་གིས་ དུས་ཅི་ སྤྱི་ལོ་༢༠༢༡གི་ ཨེ་ཤི་ཡན་རྐང་རྩེད་འགྲན་བསྡུར་གྱི་ སྔོན་འགྲོའི་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་པ་ཅིན་ ད་རེས་ འགོ་དང་པ་ རྩེད་འགྲན་ངོ་མའི་ནང་ལུ་ བཅའ་མར་གཏོགས་ཚུགས་ནི་ཨིན་མས།

རྩེད་འགྲན་འདི་གི་དོན་ལུ་ ཐིམ་ཕུག་སི་ཊི་ཨེཕ་སི་གིས་ ན་ཧིང་ འབྲུག་པའི་རྐང་རྩེད་འགྲན་བསྡུར་ མཐོ་ཤོས་ནང་ལས་ རྒྱལ་ཁ་ཐོབ་མི་དང་བསྟུན་ ཨེ་ཤི་ཡན་སྔོན་འགྲོའི་རྐང་རྩེད་འགྲན་བསྡུར་ནང་ལུ་ བཅའ་མར་གཏོགས་ནི་གི་ གོ་སྐབས་ལེན་ཚུགས་ཏེ་ཡོདཔ་ཨིན།

སྡེ་ཚན་འདི་གིས་ སྔོན་འགྲོའི་རྩེད་འགྲན་ བསྐོར་ཐེངས་དང་པའི་ནང་ལུ་ མཱལ་ཌིབསི་གི་ ཀ་ལཱབ་ཨི་གཱལསི་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་མས།

ཐིམ་ཕུག་སི་ཊི་ཨེཕ་སི་འདི་ ན་ཧིང་ འབྲུག་གི་རྐང་རྩེད་འགྲན་བསྡུར་ནང་ལུ་ རྩེད་འགྲན་ཁག་༡༤འབད་ས་ལས་ ཚར་གཅིག་ཡང་མ་ཕམ་པར་ རྩེད་འགྲན་ཁག་༡༣ རྒྱལ་ཁ་ཐོབ་མི་དང་འབྲེལ་ རྐང་རྩེད་སྡེ་ཚན་དྲག་ཤོས་ཅིག་སྦེ་འཐོན་ཏེ་ཡོདཔ་ཨིན།

འདས་པའི་བདུན་ཕྲག་ནང་ འགོ་དཔོན་ཚུ་གིས་ ཨེ་ཤི་ཡན་རྐང་རྩེད་འགྲན་བསྡུར་གྱི་དོན་ལས་ རིའུ་མིག་གི་ཞལ་འཛོམས་ཅིག་ འགོ་འདྲེན་འཐབ་ཚར་བའི་ཤུལ་མ་ ཐིམ་ཕུག་སི་ཊི་ཨེཕ་སི་གིས་ སྦྱང་བ་ཚུ་འབད་ནི་ འགོ་བཙུགས་ཏེ་སྦེ་འདུག

  ཐིམ་ཕུག་སི་ཊི་ཨེཕ་སི་གིས་ ཨེ་ཤི་ཡན་རྐང་རྩེད་འགྲན་བསྡུར་ནང་ལུ་ ད་རེས་འབདཝ་ད་ ཚར་༢བཅའ་མར་གཏོགས་དོ་ཡོདཔ་ད་ ད་རེས་ཀྱི་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་ཚུགས་པའི་རེ་བ་སྐྱེདཔ་ཨིན་མས།

ཐིམ་ཕུག་སི་ཊི་ཨེཕ་སི་གིས་ སྔོན་འགྲོའི་རྩེད་འགྲན་ བསྐོར་ཐེངས་དང་པའི་ནང་ལས་ རྒྱལ་ཁ་ཐོབ་ཚུགས་པ་ཅིན་ བསྐོར་ཐེངས་༢པའི་ནང་ལུ་ བཱང་ལ་ཌེཤ་གི་ ཌ་ཀ་ཨ་བྷ་ཧ་ནི་གི་སྡེ་ཚན་དང་གཅིག་ཁར་ རྩེད་འགྲན་འབད་ནི་ཨིན་མས།

འདི་བཟུམ་སྦེ་ རྩེད་འགྲན་འདི་ནང་ལས་ཡང་ རྒྱལ་ཁ་ཐོབ་པ་ཅིན་ རྒྱ་གར་གྱི་བེ་གྷ་ལུ་རུ་ཨེཕ་སི་དང་གཅིག་ཁར་ རྩེད་འགྲན་འབད་ནི་སྦེ་འདུག

ད་ལྟོ་ཚུན་ཚོད་ འབྲུག་པའི་རྐང་རྩེད་སྡེ་ཚན་གཅིག་གིས་ཡང་ རྩེད་འགྲན་འདི་ནང་གི་ སྔོན་འགྲོའི་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མ་ཚུགསཔ་ཨིན་མས།

ཨིན་རུང་ ད་རེས་ ནད་ཡམས་ཀྱི་གནས་སྟངས་ལས་བརྟེན་ཐིམ་ཕུག་སི་ཊི་ཨེཕ་སི་ནང་ལུ་ ཕྱིའི་རྩེད་འགྲན་པ་ཚུ་མེདཔ་ལས་ སྡེ་ཚན་འདི་གི་ སློབ་སྟོན་པ་གོངམ་ ངག་དབང་དོན་གྲུབ་ཀྱིས་ ནང་འཁོད་ཀྱི་རྩེད་འགྲན་པ་ཚུ་རང་ བཙུགས་དགོཔ་འཐོན་ནི་ཨིན་མས།

ཨིན་རུང་ ད་རེས་ཀྱི་རྩེད་འགྲན་ནང་ལུ་ ཧེ་མ་བཟུམ་སྦེ་མེན་པར་ ས་གོ་གཅིག་ནང་རང་རྩེད་འགྲན་འབད་ནི་ཨིནམ་ད་ ས་གོ་འདི་ རྒྱལ་ཁབ་ག་སྟེ་ལུ་རྩེད་འགྲན་འབད་ནི་ཨིན་ན་ ད་རེས་ཀྱི་ཟླ་མཇུག་ཁར་ གཏན་འཁེལ་འགྱོ་ནི་ཨིན་མས།

པ་སངས་རྡོ་རྗེ། གནས་ཚུལ་བསྡུ་ལེན་པ། ཐིམ་ཕུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube