བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ལུ་ དགུན་གྱི་ཨེ་མའི་ཐོན་ཤུགས་ ལེགས་ཤོམ་མེདཔ།

༉ ས་ཆ་ཨེ་ཀར་༣༠ ལྷགཔ་ཅིག་ནང་ དགུན་གྱི་ཨེ་མའི་ལཱ་ཚུ་ འབད་དེ་ཡོདཔ་ཨིན་རུང་ བསམ་གྲུབ་ལྗོངས་མཁར་ཁྲོམ་སྡེ་ནང་ལུ་ ད་ལྟོའི་བར་ན་ཡང་ ཨེ་མ་ཧོནམོ་ཚུ་ ལང་མ་ཚུགས་པའི་ གདོང་ལེན་འབྱུང་སྟེ་སྦེ་འདུག

མི་སེར་སོ་ནམ་པ་ཚུ་གིས་བཀོད་མི་ནང་ ཨེ་མའི་ཐོན་ཤུགས་ལེགས་ཤོམ་མེད་མི་འདི་ཡང་ རྫོང་ཁག་འདི་ནང་ལུ་ གནམ་དགུན་གྱི་ བསིལ་ལུ་བརྟེན་ཏེ་ཨིན་ཟེར་བཤད་ཅི།

འདི་འབདཝ་ལས་ ཁྲོམ་འདི་ནང་ལུ་ ཚོད་བསྲེ་བཙོང་སའི་ས་གོ་ནང་ལས་ཕར་ ཨེ་མ་ཧོནམོ་མེད་པར་ ཟླཝ་ཡང་ལྷག་དོ་ཡོདཔ་ཨིན་མས།

ཁྲོམ་ཁ་ལས་ཕར་ ཨེ་མ་ཧོནམོ་ ཐོབ་མ་ཚུགས་ནི་འདི་གིས་ བསམ་གྲུབ་ལྗོངས་མཁར་ཁྲོམ་ཁར་སྡོད་མི་ཚུ་ ཨེ་མ་སྐམ་ཚུ་ཟ་དོ་ཡོདཔ་མ་ཚད་ ཡང་ཅིན་ ཨེ་མ་མེད་པའི་བཞེས་སྒོ་ཚུ་ཟ་དགོ་ནི་ཨིན་མས།

ཧེ་མ་ལས་ར་ ཨེ་མ་ལངམ་སྦེ་ མེད་པའི་ཁར་ འདི་གུ་ རྫོང་ཁག་འདི་ནང་ལུ་ ཨེ་མའི་ལཱ་འབད་མི་ཚུ་ཡང་ ཐོན་ཤུགས་ལེགས་ཤོམ་སྦེ་ བསྡུ་མ་ཚུགས་པས།

ཨིན་རུང་ རྫོང་ཁག་སོ་ནམ་ལས་ཚན་ནང་ལས་ འགོ་དཔོན་ཚུ་གིས་བཀོད་མི་ནང་ ད་རེས་ ས་དྲོད་བཏག་དོ་ཡོདཔ་ལས་ གནས་སྟང་འདི་ ལེགས་ཤོམ་འགྱོ་ནི་ཨིནམ་ལས་ ས་གནས་འདི་ནང་སྡོད་མི་ཚུ་གིས་ མགྱོགས་པ་རང་ ཁྲོམ་ཁ་ལས་ ཨེ་མ་ཧོནམོ་ཚུ་ཐོབ་ཚུགས་པའི་ རེ་བ་ཡོདཔ་སྦེ་བཤད་ཅི།

 བསམ་གྲུབ་ལྗོངས་མཁར་རྫོང་ཁག་གི་ མི་སེར་སོ་ནམ་པ་ཚུ་གིས་ ན་ཧིང་ སྤྱི་ཟླ་བཅུ་པ་ལས་ ༡༢ པའི་བར་ན་ ཨེ་མ་ཧོནམོ་མེ་ཀྲིག་ཊཱན་༤ ལྷགཔ་ཅིག་ བཏོན་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་དབང་ཕྱུག

བསམ་གྲུབ་ལྗོངས་མཁར།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube