དོ་ཕབ་ལེན་འབད་ས་ལས་ཐོན་འགྱོ་དགོཔ་ཐོན་མི་ཚུ་ སེམས་དང་མ་ལྡནམ།

༉ ཕུན་ཚོགས་གླིང་གི་ དོ་ཕབ་ལེན་འབད་སའི་ས་སྒོ་ནང་ལས་ ཐོན་འགྱོ་དགོཔ་ཐོན་མི་མང་ཤོས་ཅིག་རང་ སེམས་དང་མ་ལྡན་པར་འདུག

ཁོང་གིས་སླབ་མི་ནང་ ཁོང་ཆ་ཁྱབ་ཀྱིས་ ན་ཧིང་སྤྱི་ཟླ་༣པའི་ནང་ལུ་ ས་མཚམས་འགེགས་སྲུང་ཚུ་སྒོ་སྡམ་ཞིམ་ལས་ཚུར་ ལཱ་འབད་དེ་རང་ཡོད་རུང་ ད་རེས་ ཐོན་འགྱོ་དགོཔ་སྦེ་སླབ་མི་འདི་ སེམས་ཤི་བའི་གཞི་ཅིག་ཨིན་མས་ཟེར་བཤད་ཅི།

ད་རུང་ ཁོང་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ལུ་ དོ་ཕབ་ལེན་འབད་ནི་གི་ལཱ་གི་གོ་སྐབས་ཅིག་རང་ ཐོབ་མ་ཚུགས་པ་ཅིན་ གཞན་མི་ཡིག་ཚང་ཚུ་ནང་ལས་ཕར་ གོ་སྐབས་འདི་ ག་དེ་འབད་ཐོབ་ཚུགས་ག་ ཚ་གྱང་སྦོམ་སྦེ་རང་ཡོད་ཟེར་ཨིན་མས།

ཁོང་མང་ཤོས་ཅིག་རང་ ཐག་རིང་ས་ལས་འོང་ནི་འདི་གིས་ ཕུན་ཚོགས་གླིང་ལུ་ སྡོད་ས་དང་རེ་ས་ཅིག་ ག་ཡང་མེདཔ་ཨིན་མས།

དོ་ཕབ་ལེན་འབད་ནི་གི་ལཱ་འདི་ སྒེར་གྱི་ལས་སྡེ་ཅིག་ཨིན་མི་ དོན་གྲུབ་ཚོང་ལས་ཀྱིས་ འཛིན་སྐྱོང་འཐབ་ནི་ཨིན་མས།

ལས་སྡེ་འདི་དང་འཁྲིལ་བ་ཅིན་ ཁོང་ལཱ་འབད་མི་ཚུ་ལུ་ ལཱ་འཕྲོ་མཐུད་དེ་རང་ འབད་ནི་གི་གདམ་ཁ་འབྱིན་ཡོདཔ་ཨིན་རུང་ ཉན་མ་བཏུབ་ཟེར་བཤད་ཅི།

ལས་སྡེ་འདི་གིས་ ད་རེས་ ལཱ་འབད་མི་གསརཔ་བཙུགས་མི་ཚུ་ལུ་ ཉིནམ་རེ་ནང་ གླ་ཆ་དངུལ་ཀྲམ་སྟོང་ཕྲག་རེ་འབྱིན་དོ་ཡོད་རུང་ ཧེ་མ་ལཱ འབད་སྡོད་མི་ཚུ་གིས་ ལོག་བལྟབ་སྦེ་ ལེན་སྡོད་ཡོདཔ་ཨིན་མས།

ད་རུང་ ལས་སྡེ་འདི་གིས་ བཟའ་འཐུང་དང་སྡོད་སའི་མཐུན་རྐྱེན་ཚུ་ཡང་ རིན་མེད་སྟོང་པ་སྦེ་ འབྱིན་དོ་ཡོདཔ་སྦེ་བཤད་ཅི།

དོ་ཕབ་ལེན་འབད་སའི་ས་སྒོ་འཛིན་སྐྱོང་འཐབ་ནི་གི་ལཱ་འདི་ཡང་ འོང་འབབ་དང་ཅ་དམ་ཡིག་ཚང་གིས་ རིན་བསྡུར་འབད་བའི་ཤུལ་ལུ་ འདས་པའི་ཟླཝ་ནང་ལུ་ ལས་སྡེ་འདི་ལུ་ སྤྲོད་དེ་ཡོདཔ་ཨིན་མས།

གནད་དོན་འདི་གི་སྐོར་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ད་རིས་ བློན་ཆེན་ལུ་ དོས་ཕབ་ལེན་འབད་སའི་ས་སྒོ་ནང་ལཱ་འབད་མི་ཚུ་ ཨ་རྟག་ག་ཨིནམ་སྦེ་རང་ བཞག་གནང་དགོཔ་སྦེ་ གྲོས་འདེབས་ཀྱི་ཡི་གུ་གཅིག་ཕུལ་ཏེ་འདུག

ཡི་གུ་འདི་དང་འཁྲིལ་པ་ཅིན་ ཁོང་ལཱ་འབད་མི་ཚུ་ཡང་ ནད་ཡམས་ཀྱི་གནས་སྟངས་ནང་ ཁོང་རའི་ཚེ་སྲོག་ལུ་ཡང་ཉེན་ཁ་འབག་ཞིན་ན་ གདོང་ཁར་འཐོན་ཏེ་ རྒྱལ་ཁབ་ལུ་ ཕྱག་ཞུ་སྟེ་ཡོད་ཟེར་ཨིན་མས།

འདི་འབདཝ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ས་སྒོ་འདི་ནང་ ལཱ་ཚུ་ འཕྲོ་མཐུད་དེ་རང་འབད་ནི་ནང་ དང་འདོད་ཡོད་མི་ཚུ་ ནད་ཡམས་འདི་མ་ཞི་ཚུན་ཚོད་དང་ ཡང་ན་ ཁོང་ཆ་ཁྱབ་ལུ་ ལཱ་གཡོག་གི་གདམ་ཁ་གཞན་གཅིག་མ་ཐོབ་ཚུན་ཚོད་ བཞག་དགོ་པའི་གྲོས་འདེབས་ཕུལ་ཏེ་འདུག

ད་རུང་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་འབད་བ་ཅིན་ དོས་ཕབ་ལེན་འབད་སའི་ས་སྒོ་འདི་ འཛིན་སྐྱོང་འཐབ་ནི་གི་དོན་ལས་ ག་ཅི་འབད་སྒེར་གྱི་ལས་སྡེ་ལུ་སྤྲོད་དགོཔ་ཨིན་ན་གི་ཐད་ཁར་ མི་དམངས་ལུ་ ཁ་གསལ་སྦེ་རྐྱབ་གནང་དགོཔ་སྦེ་ཡང་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཕུན་ཚོགས།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube