སྤ་རོ་ལུ་ ཕོ་སྐྱེས་གཅིག་ ཟུར་བཞག་ལྟེ་བ་ནང་ལས་ཐོན་འགྱོ་ཞིམ་ལས་ ལོག་འོང་སྟེ་ཡོདཔ།

༉ སྤ་རོ་གི་ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༣༣ལང་མི་ཕོ་སྐྱེས་གཅིག་ ཟུར་བཞག་གི་སྒྲིག་གཞི་ལས་འགལ་ཡོད་པའི་དོགས་པ་ལས་བརྟེན་ཏེ་བཟུང་མི་གནད་དོན་འདི་ ཐོ་བཀོད་འབད་དེ་འདུག

འདི་ཡང་ དོགས་པ་ཅན་འདི་ལུ་ ཟུར་བཞག་ལྟེ་བའི་ནང་ལས་ཕྱི་ཁར་འཐོན་ཏེ་ ཝང་ལྕང་རྒེད་འོག་ནང་ལུ་ ཁོ་རའི་ཕམ་འབད་སར་འགྱོ་ཡོད་པའི་ ཉེས་འཛུགས་བཀལཝ་ཨིན་མས།

ཝང་ལྕང་རྒེད་འོག་འདི་ ཁོ་ཟུར་བཞག་སའི་ས་སྒོ་ནང་ལས་ ཀི་ལོ་མི་ཊར་༢དེ་ཅིག་གི་ས་ཁར་ ཆགས་ཏེ་འདུག

བྱ་ངན་འདི་ཡང་ གཟའ་ཕུརཔ་གི་དྲོ་པ་ཆུ་ཚོད་༦དེ་ཅིག་ཁར་ འབྱུང་སྟེ་ཡོདཔ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་སླབ་མི་ནང་ དོགས་པ་ཅན་ཕོ་སྐྱེས་འདི་ ཁྱིམ་ནང་ལུ་འགྱོ་ཞིམ་ལས་ དུས་ཡུན་ཆུ་ཚོད་༣དེ་ཅིག་གི་རྒྱབ་ལས་ ལོག་ ཟུར་བཞག་ལྟེ་བའི་ནང་ལུ་ལྷོད་དེ་ཡོདཔ་སྦེ་བཤད་ཅི།

ཁོ་ལུ་ འདི་འཕྲོ་ལས་རང་ ནད་ཡམས་ཀྱི་བརྟག་དཔྱད་འབད་བའི་སྐབས་ལུ་ ནད་གཞི་ཀོ་ཝིཊ་ནའིན་ཊིན་འདི་ མེདཔ་སྦེ་འཐོན་ནུག

དོགས་པ་ཅན་འདི་ཡང་ གཟའ་ལྷགཔ་ལུ་ བེང་ཀོག་ལས་ལྷོད་པའི་ཤུལ་མ་ ཟུར་བཞག་ལྟེ་བའི་ནང་བཞག་སྟེ་འདུག

འདི་དང་གཅིག་ཁར་ ཁོ་རའི་ཕམ་དང་སྤུན་ཆ་ཚུ་འབད་བ་ཅིན་ བདུན་ཕྲག་༢ཀྱི་རིང་ ཁོང་རའི་ཁྱིམ་ནང་སྦེ་ དམ་དམ་སྦེ་རང་ ཟུར་བཞག་སྟེ་ཡོདཔ་ཨིན་མས།

ཕོ་སྐྱེས་འདི་ ཉིན་གྲངས་༢༡གི་རིང་ ཟུར་བཞག་གི་གནས་ཡུན་ཚང་པའི་ཤུལ་མ་ ཁྲིམས་སྲུང་འགག་པ་གིས་ ཁྲིམས་ཀྱི་འདུན་སར་བསྐྱལ་ནི་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ རྣམ་རྒྱལ་དབང་ཕྱུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube