ཡུ་རོབ་ལུ་ འགྲོ་འགྲུལ་བཀག་དམ་གྱི་ལམ་ལུགས་ཚུ་ ལག་ལེན་འཐབ་སྟེ་རང་ཡོདཔ།

ཡུ་རོབ་ལུ་ རྒྱལ་ཁབ་མང་ཤོས་ཅིག་གིས་རང་ འགྲོ་འགྲུལ་བཀག་དམ་དང་ འགྲུལ་བཀག་གི་ལས་རིམ་ དེ་ལས་ ཕྱིའི་རྒྱལ་ཁབ་ཚུ་ནང་ལུ་རྒྱུན་འགྲུལ་འཐབ་ནི་ཚུ་ བཀག་ཆ་འབད་དེ་རང་ཡོདཔ་ཨིན་མས།

འདི་ཡང་ ནད་འབུཔ་ཀོ་རོ་ན་ཝའི་རཱས་འཕྱེལ་འགྱོ་ནི་ལས་ བཀག་ནི་གི་དོན་ལུ་ཨིནམ་སྦེ་བཤད་ཅི།

ཕ་རཱནསི་ལུ་ འགྲུལ་བཀག་གི་ལས་རིམ་འདི་ འདས་པའི་ཟླཝ་ནང་ལས་འགོ་བཙུགས་ཏེ་ཡོད་རུང་ གཟའ་ཉིམ་གི་ཚེས་ལས་ དམ་དམ་སྦེ་རང་ བཟོ་སྟེ་འདུག

ད་རེས་ ཚོང་ཁང་ཚུ་ ཕྱི་རུ་ཆུ་ཚོད་༦ལུ་སྒོ་སྡམ་དགོཔ་སྦེ་ཡོདཔ་མ་ཚད་ མི་ཚུ་ཡང་ ཕྱི་རུ་ཆུ་ཚོད་དྲུག་གི་ནང་འཁོད་ ཁྱིམ་ནང་ལུ་ལྷོད་དགོཔ་སྦེ་ཨིན་མས།

རྒྱལ་སྤྱི་བརྡ་བརྒྱུད་ཚུ་དང་འཁྲིལ་བ་ཅིན་ ཆང་ཁང་དང་བཟའ་ཁང་ དེ་ལས་ གློག་བརྙན་ཁང་དང་ གཞན་མི་སྤྲོ་སྟོན་ཁང་ཚུ་ ཡང་ སྒོ་སྡམ་སྟེ་ཡོདཔ་སྦེ་ཨིན་མས།

ཨིཊ་ལི་ལུ་ཡང་ ཁོང་རའི་རྒྱལ་ཁབ་ནང་འཁོད་ཀྱི་ ལུང་ཕྱོགས་༢༠གི་ནང་ལུ་ འགྲུལ་བཀག་གི་ལས་རིམ་འགོ་འདྲེན་འཐབ་སྟེ་འདུག

འདི་བཟུམ་སྦེ་ ནད་འབུཔ་ཁྱབ་ཆེཝ་སྦེ་རང་འཕྱེལ་འགྱོ་སྟེ་ཡོད་ནི་འདི་གིས་ བཟའ་འཐུང་གི་རིགས་བཙོང་མི་ ཚོང་ཁང་ཚུ་ཡང་ དག་པ་ཅིག་ལས་བརྒལ་ སྒོ་ཕྱི་མ་བཅུག་པར་ཡོདཔ་ཨིན་མས།

ཇར་མ་ནི་ལུ་ ཕྲལ་ཁམས་ཅིག་ལས་ འགྲོ་འགྲུལ་བཀག་དམ་འགོ་བཙུགས་པའི་ཤུལ་ བཟའ་འཐུང་མིན་པའི་རིགས་བཙོང་མི་ཚོང་ཁང་ཚུ་ སྒོ་སྡམ་བཞག་སྟེ་འདུག

དེ་ལས་ ཨིས་པེན་ལུ་ དུས་ཅི་སྤྱི་ཟླ་༥པ་ཚུན་ཚོད་ རྒྱལ་ཡོངས་འགྲུལ་བཀག་གི་ལས་རིམ་འགོ་བཙུགས་ཏེ་ཡོདཔ་མ་ཚད་ ནེ་དར་ལེནཌ་དང་ ཌེན་མརཀ་ལུ་ཡང་ འགྲོ་འགྲུལ་བཀག་དམ་འདི་ ཤུལ་མའི་ཟླཝ་གི་བདུན་ཕྲག་དང་པ་ཚུན་ཚོད་ ཕར་འགྱང་འབད་དེ་འདུག

སུའི་ཌན་ལུ་ གློ་འབུར་གྱི་ཁྲིམས་ལུགས་ཅིག་ ལག་ལེན་འཐབ་ནི་འགོ་བཙུགས་ཏེ་ཡོདཔ་ལས་ ད་ལས་ཕར་ སུའི་ཌན་གཞུང་གིས་ ནད་འབུཔ་ཀོ་རོ་ན་ཝའི་རཱས་དང་འབྲེལ་བའི་ཐབས་ལམ་ཚུ་ ལག་ལེན་འཐབ་ཚུགས་ནི་ཨིན་མས།

ཨིན་རུང་ གི་རིསི་ལུ་ ན་ཧིང་སྤྱི་ཟླ་༡༡པའི་ནང་ལས་ འགྲོ་འགྲུལ་བཀག་དམ་གྱི་ལམ་ལུགས་ དམ་དམ་སྦེ་རང་འགོ་བཙུགས་པའི་ཤུལ་ འདས་པའི་བདུན་ཕྲག་ནང་ལས་ ཨ་ལུ་གཅེས་སྐྱོང་དང་ སློབ་གྲྭ་ཆུང་བ་ཚུ་ ལོག་སྟེ་རང་ སྒོ་ཕྱི་བཅུག་སྟེ་ཡོདཔ་ཨིན་མས།

འཛམ་གླིང་ནང་ལུ་ ད་ལྟོ་ཚུན་ཚོད་ མི་ས་ཡ་༩༥ལྷགཔ་ཅིག་ལུ་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་ཐོབ་སྟེ་ཡོདཔ་སྦེ་སྙན་ཞུ་འབད་ས་ལས་ མཐོ་ཤོས་རང་ ཡུ་ཨེས་ལུ་ མི་ས་ཡ་༢༤ལྷགཔ་ཅིག་ལུ་ ནད་ཡམས་ཐོབ་མི་འདི་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ ཀུན་ལེགས་སྒྲོལམ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube