ཡུ་ཨེས་ལུ་ བཟའ་ཚང་གཅིག་གིས་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་བཙུགས་ཏེ་ཡོདཔ།

༉ ད་རེས་ རྒྱལ་ཁབ་མང་ཤོས་ཅིག་ནང་རང་ ནད་ཡམས་ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་ཚུ་ རྒྱལ་ཡོངས་ཀྱི་གནས་ཚད་ཁར་ བཙུགས་ནི་འགོ་བཙུགས་ཏེ་ཡོད་རུང་ འབྲུག་ལུ་ སྨན་ཁབ་འདི་ མ་ལྷོད་པར་ཡོདཔ་ཨིན།

ཨིན་རུང་ ཡུ་ཨེས་གི་མངའ་སྡེ་ ཨུ་ཏ་ལུ་སྡོད་མི་ ཀརྨ་དབང་མོ་དང་མོ་གི་ཨ་ལུ་གཉིས་ཀྱིས་ ཕའི་ཟཱར་ཟེར་མི་སྨན་ཁབ་ འགོ་དང་པ་འདི་ འདས་པའི་ཟླཝ་གི་སྤྱི་ཚེས་༢༦གི་ཚེས་ བཙུགས་ནུག

ཁོང་ནང་མི་༣འབད་མི་བཟའ་ཚང་ཚུ་ཡང་ སྨན་ཁང་སོ་སོ་ཚུ་ནང་ལཱ་འབད་མི་ གསོ་བའི་ལས་བྱེདཔ་ཚུ་འབདཝ་ལས་ སྨན་ཁབ་འགོ་དང་པ་ཐོབ་ནི་ནང་ འོས་འབབ་ཡོདཔ་སྦེ་ཨིན་མས།

ཀརྨ་འདི་ ཁྲག་བཙག་མི་ གསོ་བའི་ལས་བྱེདཔ་གཅིག་ཨིནམ་ད་ ཁོང་ཆ་ཁྱབ་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཀྱི་སྨན་ཁབ་འགོ་དང་པ་ཐོབ་མི་ འབྲུག་མི་ཅིག་སྦེ་ འོང་ནི་བཟུམ་ཅིག་ཡོདཔ་སྦེ་ཨིན་མས།

ཀརྨ་དབང་མོ་གིས་སླབ་མི་ནང་ ཁབ་འདི་བཙུགས་ཞིམ་ལས་ མགུ་གཡུག་འཁོར་ནི་དང་ གྱང་ཤུགས་ཨ་ཙི་རེ་རྐྱབ་ཡོདཔ་མ་གཏོགས་ གཞན་མི་ག་ནི་ཡང་འབད་ནི་མིན་འདུག་ཟེར་བཤད་ཅི།

ཡུ་ཨེས་ལུ་ ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་བཙུགས་ཚར་བའི་ཤུལ་ལུ་ དུས་ཡུན་སྐར་མ་ལྔ་གི་རིང་ ལྟ་རྟོག་འབད་ཞིམ་ལས་ གནས་སྟངས་ག་དེ་སྦེ་ཡོད་ག་ཟེར་བའི་ བརྡ་ཕྲིན་ཚུ་ལྷོད་དོ་ཡོདཔ་ཨིན་མས།

ཨུ་ཏ་མངའ་སྡེ་ནང་ གདོང་ཁར་འཐོན་ཏེ་ཕྱག་ཞུ་མི་ གསོ་བའི་ལས་བྱེདཔ་ཚུ་ལུ་ འདས་པའི་ཟླཝ་ལས་འགོ་བཙུགས་ཏེ་ སྨན་ཁབ་འབུམ་༡དང་སྟོང་ཕྲག་༣༠ལྷགཔ་ཅིག་ བྱིན་ཏེ་ཡོདཔ་ཨིན་མས།

སྨན་ཁབ་བཙུགས་མི་ག་ར་ལུ་ ཀོ་ཝིཊ་ནའིན་ཊིན་གྱི་སྨན་ཁབ་བཙུགས་ཡོད་པའི་ ཐོ་བཀོད་ཤོག་བྱང་ཚུ་ཐོབ་དོ་ཡོདཔ་ཨིན་མས།

ད་རེས་ ཁོང་བཟའ་ཚང་ཚུ་ ནད་ཡམས་ཀྱི་སྨན་ཁབ་ཐེངས་༢པ་བཙུགས་ནི་གི་དོན་ལུ་ བསྒུག་པའི་བསྒང་རང་འདུག

ཕའི་ཟཱར་སྨན་ཁབ་འདི་ཡང་ ཁབ་འགོ་དང་པ་བཙུགས་པའི་ཤུལ་མ་ བདུན་ཕྲག་༣གྱི་རྒྱབ་ལས་ ལོག་སྟེ་རང་ བཙུགས་དགོ་དོ་ཡོདཔ་ཨིན་མས།

ཨིན་རུང་ ཀརྨ་དབང་མོ་གིས་སླབ་མི་ནང་ ནད་འབུཔ་ཀོ་རོ་ན་ཝའི་རཱས་གི་སྨན་ཁབ་ ཚངམ་སྦེ་བཙུགས་ད་རུང་ ནད་གཞི་འདི་ ལོག་མི་ཐོབ་ནི་གི་དོན་ལུ་ གསོ་བའི་སྒྲིག་གཞི་ལུ་ གནས་ཏེ་རང་སྡོད་དགོ་ཟེར་བཤད་ཅི།

འདི་དང་གཅིག་ཁར་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་རིང་གིས་གསུངས་མི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཕྱི་རྒྱལ་ལས་ཕར་སྡོད་མི་ཚུ་རྩིས་ཏེ་ འབྲུག་མི་ག་ར་ལུ་ སྨན་ཁབ་འདི་བཙུགས་དགོཔ་སྦེ་ བཀའ་རྒྱ་གནང་སྟེ་ཡོད་ཟེར་ཨིན་མས།

ད་རུང་ བློན་ཆེན་གྱིས་གསུང་མི་ནང་ སྨན་ཁབ་འདི་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ གསོལ་རས་ཅིག་འབདཝ་ལས་ ཕྱི་རྒྱལ་ལས་ཕར་སྡོད་མི་ཚུ་གིས་ གཞུང་ཚབ་ཡིག་ཚང་ཚུ་དང་ཅིག་ཁར་འབྲེལ་བ་འཐབ་ཞིམ་ལས་ ཁབ་ཚུ་བཙུགས་དགོ་ཟེར་ཨིན་མས།

ཕྱི་འབྲེལ་ལྷན་ཁག་གི་ཐོ་བཀོད་དང་འཁྲིལ་བ་ཅིན་ འདས་པའི་ཟླཝ་ཚུན་ཚོད་ འབྲུག་མི་སྟོང་ཕྲག་༡༢ལྷགཔ་ཅིག་ རྒྱལ་ཁབ་༧༢ཀྱི་ནང་ལས་ཕར་ སྡོད་དོ་ཡོདཔ་སྦེ་ཨིན་མས།

གསོ་བའི་མཁས་མཆོག་ཚུ་དང་འཁྲིལ་བ་ཅིན་ མི་མང་ཤོས་ཅིག་རང་ ནད་འབུཔ་ཀོ་རོ་ན་ཝའི་རཱས་ཐོབ་ནི་གི་ ཉེན་ཁ་ཡོདཔ་ཨིན་རུང་ ད་རེས་ ནད་ཡམས་ཐོབ་མི་ དེ་ཅིག་རང་མ་འཐོན་མི་འདི་ཡང་ འགྲོ་འགྲུལ་བཟུམ་གྱི་ བཀག་ཆ་དང་སྔོན་འགོག་གི་ལམ་ལུགས་ཚུ་ལས་བརྟེན་ཨིན་ཟེར་བཤད་ཅི།

ད་རེས་ ནད་ཡམས་འདི་ སྨན་བཅོས་འབད་ནི་གི་དོན་ལུ་ ཐབས་ལམ་ཟེར་རུང་ཡང་ སྨན་ཁབ་འདི་བཙུགས་ནི་གི་ལས་བརྒལ་ གཞན་ག་ནི་ཡང་མེདཔ་ཨིན་མས།

ད་ལྟོ་ཚུན་ཚོད་ འཛམ་གླིང་ནང་ ནད་ཡམས་འདི་ མི་ས་ཡ་༩༠ལྷགཔ་ཅིག་ལུ་ཐོབ་སྟེ་ཡོདཔ་མ་ཚད་ མི་ས་ཡ་༢ལྷགཔ་ཅིག་ལུ་ ཤི་རྐྱེན་ཡང་འབྱུང་སྟེ་ཡོདཔ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་དཔལམོ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube