སྤ་རོ་ལུ་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་འགལ་བའི་གནད་དོན་༡༡བྱུང་སྟེ་ཡོདཔ།

༉ སྤ་རོ་གི་ཁྲིམས་སྲུང་འགག་པ་གིས་ ད་རེས་ འགྲོ་འགྲུལ་བཀག་དམ་གྱི་དུས་ཚོད་ཁར་ ལམ་ལུགས་ལས་འགལ་ཡོད་པའི་དོགས་པ་ལས་བརྟེན་ མི་༡༥ བཟུང་ནུག

ཁོང་༡༥གི་གྲལ་ལས་ ༤འདི་ ཚོང་ཁང་ཚུ་ ཚུལ་མིན་གྱི་ཐོག་ལས་ སྒོ་ཕྱི་ཡོད་པའི་དོགས་པ་ལས་བརྟེན་བཟུང་ཡོདཔ་ད་ འདི་ཡང་ ཚོང་ཁང་འདི་ཚུ་ རྫོང་ཁག་ཀོ་ཝིཊ་ནའིན་ཊིན་ལས་བྱེད་ཚོགས་ཆུང་གིས་ འགྲོ་འགྲུལ་བཀག་དམ་གྱི་དུས་ཚོད་ཁར་ སྒོ་ཕྱི་ཆོག་པའི་ཚོང་ཁང་གི་གྲངས་ཚུ་ མ་ཚུད་པར་ཡོདཔ་སྦེ་ཨིན་མས།

ཁྲིམས་སྲུང་འགག་པ་དང་འཁྲིལ་པ་ཅིན་ ཚོང་ཁང་གཅིག་གི་ནང་ལུ་འདི་ ཚོང་ཉོ་མི་ཚུ་ཡང་ འོང་བཅུག་སྟེ་འདུག་ཟེར་ཨིནམ་ད་ ད་རེས་ ཚོང་ཁང་འདི་གི་ཆོག་ཐམ་འདི་ གཞུང་བཞེས་འབད་དེ་ཡོད་པའི་ཁར་ ཚོང་ཉོ་བར་འོང་མི་ཚུ་ཡང་ དོ་དམ་འོག་ལུ་ བཞག་སྟེ་འདུག

འདི་དང་གཅིག་ཁར་ གཞན་མི་ཚུ་འབད་བ་ཅིན་ ཤོ་དང་ཏ་སི་རྐྱབ་མི་དང་ ཁྲིམས་འགལ་གྱི་ཐོག་ལས་ གཞན་མི་ས་སྒོ་ཚུ་ནང་འཛུལ་མི་ཚུ་ཨིན་མས།

ཁྲིམས་སྲུང་འགག་པ་གིས་ མི་ངོམ་གཅིག་མ་གཏོགས་ གཞན་མི་ཆ་མཉམ་རང་ ངག་བརྗོད་ལེན་ཞིན་ན་ བཏང་ཡོདཔ་ཨིན་མས།

ད་རེས་ མི་ངོམ་མ་གཏང་པར་བཞག་མི་འདི་ཡང་ ཁྲིམས་སྲུང་འགག་པ་གིས་བཟུང་པའི་སྐབས་ མི་ངོམ་འདི་ ཆང་འགྲངས་ཏེ་ཡོདཔ་ལས་ ཁྲིམས་སྲུང་འགག་པ་ཚུ་གིས་སླབ་མི་ལུ་ ཉན་མ་བཏུཔ་པར་ཡོད་མི་ལུ་བརྟེན་ཏེ་ཨིན་མས།

ཁོང་ཆ་ཁྱབ་ལུ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ཏེ་ ཉེས་ཅན་ཚེར་གཟན་དང་ འབངས་ཀྱི་བདེ་སྲུང་དང་ལྷོད་འཇགས་ཀྱི་བར་རྐྱེན་ལས་འགལ་ཡོད་པའི་ ཉེས་འཛུགས་ཚུ་བཀལ་ནི་ཨིནམ་ད་ ཉེས་འགེལ་འདི་གི་དོན་ལུ་ བཙོན་ཁྲིམས་ལོ་༣ལས་༥གི་བར་ན་ ཕོག་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ རྣམ་རྒྱལ་དབང་ཕྱུག

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube