མོང་སྒར་ལུ་ མི་༢༤གིས་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་འགལ་ཡོད་པའི་དོགས་པ།

༉ མོང་སྒར་ལུ་ འགྲོ་འགྲུལ་བཀག་དམ་གྱི་སྐབས་ལུ་ མདའ་དང་ཁུ་རུ་རྩེད་མི་གི་གནད་དོན་འདི་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ལུ་ལྷོད་དེ་འདུག

གནད་དོན་འདི་ནང་ལུ་ མི་༢༤གྲལ་གཏོགས་ཡོད་པའི་ དོགས་པ་ཡོདཔ་ཨིན་མས།

རྫོང་ཁག་ཀོ་ཝིཊ་ནའིན་ཊིན་ལས་བྱེད་ཚོགས་ཆུང་དང་འཁྲིལ་བ་ཅིན་ ཉི་ལོག་གི་སྐབས་ལུ་ འགྲོ་འགྲུལ་བཀག་དམ་འབད་བའི་ནམ་དུས་ལུ་ སྔ་ཚང་རྒེད་འོག་ནང་ལུ་ ཕོ་སྐྱེས་སྡེ་ཚན་༣འབད་མི་ཅིག་ མདའ་རྐྱབ་སྟེ་སྡོད་ནུག་ཟེར་ཨིན་མས།

རྫོང་ཁག་ལས་བྱེད་ཚོགས་ཆུང་ནང་ལས་ བཀོད་རྒྱ་ལྷོད་པའི་ཤུལ་ རྒེད་འོག་ལས་བྱེད་ཚོགས་ཆུང་གིས་ དེ་ཚེ་མདའ་རྩེད་མི་ཚུ་ ངོས་འཛིན་འབད་དེ་འདུག

གནད་དོན་འདི་གི་སྐོར་ལས་ རྫོང་ཁག་ལས་བྱེད་ཚོགས་ཆུང་ནང་ལུ་ གསང་བའི་སྙན་ཞུ་ ཐོབ་ཡོདཔ་སྦེ་བཤད་ཅི།

མདའ་རྩེད་མི་ནང་ལུ་གྲལ་གཏོགས་ཡོད་པའི་ ཕོ་སྐྱེས་༡༦གིས་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་ལས་འགལ་ཡོདཔ་སྦེ་ ཁ་བཟེད་དེ་ཡོདཔ་སྦེ་ཨིན་མས།

སྔ་ཚང་རྒཔོ་ རྡོ་རྗེ་ལས་སྐྱིད་ཀྱིས་སླབ་མི་ནང་ རྒེད་བདག་སྐྱོང་གིས་ཧོངས་ལས་ འགྲོ་འགྲུལ་བཀག་དམ་གྱི་སྒྲིག་གཞི་གི་སྐོར་ལས་ ཧེ་མ་ལས་རང་ གོ་བརྡ་སྤྲོད་དེ་ཡོད་ཟེར་བཤད་ཅི།

འདི་བཟུམ་སྦེ་ ས་གླིང་རྒེད་འོག་གི་ ཁྲི་དྭངས་སྦིས་ལས་ ཨམ་སྲུ་༨འབད་མི་སྡེ་ཚན་ཅིག་གིས་ཡང་ ཉི་ལོག་གི་སྐབས་ལུ་ ཁུ་རུ་རྩེད་དེ་སྦེ་ འགྲོ་འགྲུལ་བཀག་དམ་གྱི་ལམ་ལུགས་ལས་ འགལ་ཡོདཔ་སྦེ་ཨིན་མས།

ཨིན་རུང་ རྒེད་འོག་ཀོ་ཝིཊ་ནའིན་ཊིན་ལས་བྱེད་ཚོགས་ཆུང་ལུ་ ངག་བརྗོད་འབྱིན་མི་དང་འཁྲིལ་བ་ཅིན་ ཁོང་ཆ་ཁྱབ་ཀྱིས་ དེ་ཚེ་ ཁུ་རུ་རྩེད་རྩེཝ་རང་མེདཔ་སྦེ་ བཀོད་དེ་འདུག་ཟེར་ཨིན་མས།

གནད་དོན་འདི་ཚུ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ མགྱོགས་པ་རང་ ཞིབ་དཔྱད་འབད་ནི་སྦེ་འདུག

 

གནས་ཚུལ་བསྡུ་ལེན་པ་ བསོད་ནམས་ཚེ་རིང་།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube