ཨ་ན་ཁ་གི་ཕྱགས་སྙིགས་བཀོ་སའི་ས་ཁོངས་ཀྱིས་ སྟབས་མ་བདེཝ།

༉ ཧཱ་ དབུས་སུ་རྒེད་འོག་ནང་ལུ་ཡོད་པའི་ ཨ་ན་ཁ་གི་ཕྱགས་སྙིགས་བཀོ་སའི་ས་ཁོངས་འདི་གིས་ ད་ལྟོའི་བར་ན་ཡང་ ཉེ་འདབས་ཀྱི་རྒེད་འོག་ དབུས་སུ་ན་དང་ ས་དམར་རྒེད་འོག་ལུ་ སྟབས་མ་བདེཝ་ཐོན་ཏེ་འདུག

མི་ཚུ་གིས་སླབ་མི་ནང་ ཕྱགས་སྙིགས་བཀོ་སའི་ས་སྒོ་འདི་ ར་བ་མ་འགོར་བར་ཡོདཔ་ལས་ དགེ་རུ་ན་དང་ རྒྱན་ཀ་ན་ལས་ ནོ་ཚུ་འཛུལ་ཞིམ་ལས་ ཕྱགས་སྙིགས་སློང་ཡི་རང་བཟའ་ནི་འདི་གིས་ ཕོཝ་ནང་ལུ་སྟབས་མ་བདེཝ་ཐོན་ཏེ་ ཤི་དོ་ཡོདཔ་སྦེ་བཤད་ཅི།

འདི་བཟུམ་སྦེ་ ནོ་གི་རྐངམ་ཚུ་ ཕྲལ་ཕྲལ་རང་ ལྕགས་ཊིན་སྟོངམ་ནང་ལུ་ཚུད་དེ་ རྐང་མི་རྨིགཔ་སྣང་ག་ཡང་ རྨ་སྦོམ་སྦེ་རང་བཏོན་དོ་ཡོདཔ་སྦེ་ཨིན་མས།

གཡུས་ཁའི་མི་ཚུ་གིས་སླབ་མི་ནང་ ཕྲལ་ཁམས་ཅིག་ཁར་ ཁོང་སྡེ་ཚན་གཅིག་གིས་ ནོ་གི་རྐང་མ་ལས་ ལྕགས་ཊིན་ལེ་ཤ་ཅིག་རང་ བཏོན་དགོཔ་ཐོན་ཡི་ཟེར་བཤད་ཅི།

ཨིན་རུང་ རྐང་མ་ལས་ལྕགས་ཊིན་ཚུ་བཏོན་བཏང་པའི་བསྒང་ལས་ ནོ་འདི་ཚུ་ ལོག་སྟེ་རང་ ཕྱགས་སྙིགས་བཀོ་སའི་ས་སྒོ་དེ་ཁ་ལུ་རང་འགྱོ་སྟེ་ ཉན་མི་བཏུབ་དོ་ཡོདཔ་སྦེ་ཨིན་མས།

ད་རུང་ ཨ་ན་ཁ་གི་ཕྱགས་སྙིགས་བཀོ་སའི་ས་སྒོ་དེ་ཁ་ལུ་ ཕྱོགས་སྙིགས་ཚུ་ཡང་ ག་ལྷོད་བཀོག་སྟེ་ཡོདཔ་ལས་ མཐའ་འཁོར་ཁམས་ལོག་སི་སི་བཟོ་སྟེ་ཡོདཔ་ཨིན་མས།

མི་སེར་ཚུ་གིས་སླབ་མི་ནང་ ཕྱགས་སྙིགས་བཀོ་སའི་ས་ཁོངས་འདི་ དེ་བསྒང་ ཐང་དགའ་ཏོག་ཏོ་འབདཝ་ལས་ ལུད་ཀྱི་དོན་ལུ་ སོག་འཕྱག་རུང་ འཕྱག་དགོ་བདེ་ཏོག་ཏོ་སྡོད་ཡི་ཟེར་ཨིན་མས།

ཨིན་རུང་ ད་རེས་ ས་གནས་ཐདམ་ཐད་ཁ་ལས་ཕར་ ཕྱགས་སྙིགས་ག་ལྷོད་བཀོད་ནི་འདི་གིས་ སོག་འཕྱག་རུང་ མི་བདེ་བས་ཟེར་བཤད་ཅི།

གནད་དོན་འདི་ ལོ་༢ཀྱི་ཧེ་མ་ཡང་ཐོན་ཡོདཔ་ད་ འདི་ཡང་ གཡུས་ཁའི་མི་ཚུ་གིས་ ཕྱགས་སྙིགས་བཀོ་སའི་ས་སྒོ་འདི་ འཛིན་སྐྱོང་ལེགས་ཤོམ་མ་འཐབ་པར་བཞགཔ་མས་ཟེར་ སྙན་ཞུ་འབད་བའི་ཤུལ་ལུ་ཨིན་མས།

འདི་ལུ་ ཧཱ་རྫོང་བདག་ ཀུན་བཟང་རྡོ་རྗེ་གིས་འབད་བ་ཅིན་ ཕྱགས་སྙིགས་འཛིན་སྐྱོང་འཐབ་ནི་གི་དོན་ལས་ རྫོང་ཁག་བདག་སྐྱོང་གིས་ ས་བརྐོ་ནི་གི་འཕྲུལ་ཆས་དང་ གཞན་མི་འཕྲུལ་ཆས་ཚུ་བཙུགས་དོ་ཡོདཔ་སྦེ་བཤད་ཅི།

ད་རུང་ རྫོང་བདག་གིས་སླབ་མི་ནང་ ཕྱགས་སྙིགས་བཀོ་སའི་ས་སྒོ་ ལེགས་བཅོས་འབད་ནི་གི་ལཱ་འདི་ མཐའ་འཁོར་གྱི་ཉོག་མེད་ཡི་གུ་ཐོབ་ནི་ནང་ལུ་ འབད་དགོཔ་བཅའ་དགོཔ་ལེ་ཤ་ཅིག་རང་ཡོད་ནི་འདི་གིས་ ཕྱི་སོང་ཡི་ཟེར་ཨིན་མས།

ཉོག་མེད་ཡི་གུ་ཐོབ་པ་ཅིན་ ས་སྒོ་རྒྱ་བསྐྱེད་བཏང་ནི་ཨིནམ་ཚད་ བདའ་འཛིན་འཐབ་མི་གཅིག་ཡང་བཙུགས་ནི་ཟེར་བཤད་ཅི།

འདི་བཟུམ་སྦེ་ ཕྱགས་སྙིགས་ལོག་ལག་ལེན་འཐབ་བཅུག་ནི་གི་དོན་ལུ་ སྒེར་གྱི་ཕྱགས་སྙིགས་འཛིན་སྐྱོང་གི་ལཱ་འབད་མི་ཚུ་དང་ཅིག་ཁར་ཡང་ ཁ་སླབ་སྟེ་ཡོད་ཟེར་ཨིན་མས།

ཨིན་རུང་ རྫོང་བདག་གིས་བཀོད་མི་ནང་ མཐའ་འཁོར་གཙང་ཏོག་ཏོ་སྦེ་བཞག་ནི་གི་འགན་ཁུར་འདི་ ཕྱགས་སྙིགས་བཀོ་མི་ གཞན་མི་ལས་སྡེ་ཚུ་གིས་ཡང་ འདྲན་འདྲ་སྦེ་རང་འབག་དགོཔ་འདི་ ཁག་ཆེ་ཟེར་བཤད་ཅི།

ཁོང་ཕྱགས་སྙིགས་བཀོ་མི་ལས་སྡེ་ཚུ་ལུ་ ཕྱགས་སྙིགས་ཚུ་ལེགས་ཤོམ་སྦེ་བཀོ་གནང་ཟེར་ ཡིག་ཐོག་གུ་ ལོག་ཅི་ལོག་ཅི་རང་ སླབ་སྟེ་ཡོདཔ་སྦེ་ཨིན་མས།

ཨ་ན་ཁ་གི་ཕྱགས་སྙིགས་བཀོ་སའི་ས་སྒོ་འདི་ ཧཱ་ དབུས་སུ་དང་ས་དམར་རྒེད་འོག་གཉིས་ཀྱི་བར་ན་ལུ་ ཚུད་དེ་ཡོདཔ་ཨིན་མས།

ས་སྒོ་དེ་ སྤྱི་ལོ་༢༠༡༦ཚུན་ ལོ་ངོ་༡༠གི་རིང་ལུ་རྐྱངམ་ཅིག་ ལག་ལེན་འཐབ་དགོཔ་སྦེ་ཨིན་རུང་ ད་ལྟོའི་བར་ན་ཡང་  ཕྱགས་སྙིགས་ཚུ་བཀོ་སྟེ་རང་ཡོདཔ་ཨིན་མས།

 

གནས་ཚུལ་བསྡུ་ལེན་པ་ སྐྱིདཔ་ཅུ།

གཙོ་དོན།

འབྲེལ་ཡོད་གནས་ཚུལ།

བསམ་འཆར།

Facebook
Twitter
YouTube