ནད་ཡམས་ལུ་བརྟེན་ ཚལ་ལུ་ཕྱིར་ཚོང་ལུ་ ཐོ་ཕོགས་ཏེ་ཡོདཔ།
སྤྱི་ཟླ་༡༡ པའི་ཚེས་ ༢༨ ༢༠༢༠
༉ ནད་ཡམས་ ཀོ་ཝིཌ-19 གི་ གནས་སྟངས་ལུ་བརྟེན་ དགེ་ལེགས་ཕུག་ལས་ ཚལ་ལུ་ཕྱིར་ཚོང་འཐབ་ནིའི་ལཱ་ལུ་ ཐོ་ཕོགས་ཏེ་ཡོདཔ་ཨིན་མས།
ཚལ་ལུ་ཕྱིར་ཚོང་འཐབ་ནི་འདི་ ཧ་ལམ་ ཟླཝ་༡་གིས་ ཕྱིས་ཡོདཔ་དང་ ཨ་རྟགས་འབད་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁ་ལས་ ཚལ་ལུ་ སྣུམ་འཁོར་ཀྲག་༡༠་དང་༡༥་གི་བར་ན་ བང་ལ་དེཤ་ལུ་ བཏང་ཚར་དོ་ཡོདཔ་ཨིན་མས།
ད་རེས་ ཚལ་ལུ་ཕྱིར་ཚོང་འཐབ་མི་ཚུ་ ཁོང་རའི་ དོ་ཁང་ཚུ་རྐྱབ་ནི་ འགོ་བཙུགས་དོ་ཡོདཔ་དང་ ཨ་རྟགས་འབད་བ་ཅིན་ ཟླཝ་༡་དེ་ཅིག་གི་ཧེ་མ་ལས་ རྐྱབ་ཚར་དོ་ཡོདཔ་ཨིན་མས།
ནད་ཡམས་ཀྱི་གནས་སྟངས་ནང་ལུ་ ཚོང་ལཱ་འདི་ ག་དེ་སྦེ་འབད་ནི་ཨིན་ན་གི་སྐོར་ལས་ ཧ་གོ་ཚུགས་ཚུགས་ར་ དུས་ཚོད་ཧ་ལམ་ཅིག་ འགོར་སོང་ནུག
ད་རུང་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཁོང་རའི་ རྒྱ་གར་གྱི་མཉམ་རོགས་ཚུ་དང་ཅིག་ཁར་ འཇམ་ཏོང་ཏོ་སྦེ་ བདེ་སྡུག་སྒྲིགས་མ་ཚུགསཔ་ཨིན་མས།
འདི་གུ་ ཕྱིའི་ལས་མི་གི་ཚབ་མ་ འཚོལ་ནིའི་དོན་ལས་ཡང་ འཆར་གཞི་བརྩམ་དགོཔ་འཐོན་ནུག
ཕྱིར་ཚོང་འཐབ་མི་ཚུ་གིས་འབད་བ་ཅིན་ ཚལ་ལུ་སྒམ་རྐྱབ་མི་ རྒྱ་གར་གྱི་ལས་མི་ཚུ་ འཁྱིད་འོང་ནི་འདི་ ཟད་འགྲོ་ལྕི་བའི་ཁར་ དུས་ཚོད་ཡང་འགོརཝ་མས་ཟེར་ཨིན་མས།
འདི་འབདཝ་ལས་ ཁོང་ཆ་ཁྱབ་ཀྱིས་ རྫོང་ཁག་གཞན་ སྤ་རོ་བཟུམ་ཚུ་ནང་ལས་ རིག་རྩལ་ཡོད་པའི་ལས་མི་ཚུ་ འཚོལ་ནིའི་དཔའ་བཅམ་ཡོདཔ་ཨིན་རུང་ དགེ་ལེགས་ཕུག་འདི་ ཉེན་ཁ་ཆེ་བའི་ས་གནས་ཅིག་འབདཝ་ལས་ ལས་མི་ཚུ་ མཐའན་མཇུག་ཁར་ འོང་མ་བཏུབ་ཨིན་མས།
ད་རེས་ ཁོང་ཆ་ཁྱབ་ཀྱིས་ ས་གནས་ནང་འཁོད་ལུ་ཡོད་པའི་ ལས་མི་ཚུ་འཚོལ་ཏེ་ འབད་དོ་ཡོདཔ་ཨིན་མས།
ད་རུང་ དུས་ཅི་ ཕྱིར་ཚོང་འཐབ་མི་ཚུ་གིས་ ཚལ་ལུ་འདི་ཚུ་ བང་ལ་དེཤ་ཚུན་ཚོད་ སྐྱེལ་ནིའི་དོན་ལས་ འབྲུག་པའི་སྣུམ་འཁོར་ཀྲག་ཚུ་གི་དོན་ལས་ རྒྱ་གར་གྱི་དེད་གཡོགཔ་ཚུ་ བཙུགས་དགོ་ནི་ཨིན་མས།
དེད་གཡོགཔ་ཚུ་ཡང་ ད་ལྟོ་ལག་ལེན་འཐབ་སྟེ་ར་ཡོད་མི་ ནད་ཡམས་གནས་སྟངས་ནང་གི་ ཕྱིར་ཚོང་གྱི་འགྲོ་ལུགས་དང་བསྟུན་ཏེ་ འཛིན་སྐྱོང་འཐབ་ནི་ཨིན་མས།
སྟབས་མ་བདེ་བའི་གནད་དོན་འདི་ཚུ་ ཡོད་དེ་འབད་རུང་ ཕྱིར་ཚོང་པ་ཚུ་གིས་ ཚལ་ལུ་ཕྱིར་ཚོང་འདི་ ཤུལ་མའི་ཟླཝ་གི་བདུན་ཕྲག་དང་པ་ལས་ འགོ་བཙུགས་ཚུགས་པའི་ རེ་བ་བསྐྱེདཔ་ཨིན་མས།
ན་ཧིང་ དགེ་ལེགས་ཕུག་ལས་ ཚལ་ལུ་ མེ་ཀྲིག་ཀྲཱོན་ སྟོང་ཕྲག་༡༠་དང་༦༠༠་ལྷགཔ་ཅིག་ ཕྱིར་ཚོང་འཐབ་ནུག
གནས་ཚུལ་བསྡུ་ལེན་པ་ ཀརྨ་དབང་འདུས།
གསར་སྤང་།







རྒྱང་བསྒྲགས་དང་མཐུད་འབྲེལ།