གཟའ་ཕུར་བུ། ༢༠༢༠ ཟླ་༨ པའི་སྤྱི་ཚེས་༥

སྤྱི་ཟླ་༤པའི་ ཉོ་སྤྱོད་པའི་གོང་ཚད་གནས་ཐོ་འདི་ བརྒྱ་ཆ་༤.༥༥གིས་ ཡར་སེང་སོང་སྟེ་ཡོདཔ།

སྤྱི་ཟླ་༧ པའི་ཚེས་ ༢ ༢༠༢༠

༉ དུས་ཅི་ སྤྱི་ཟླ་༤པའི་ ཉོ་སྤྱོད་པའི་གོང་ཚད་གནས་ཐོ་འདི་ ན་ཧིང་གི་ སྤྱི་ཟླ་༤པ་དང་ཕྱདཔ་ད་ལུ་ བརྒྱ་ཆ་༤དང་ཚག་༥༥གིས་ ཡར་སེང་སོང་སྟེ་འདུག

འདི་འབདཝ་ལས་ ན་ཧིང་དང་ཕྱདཔ་ད་ལུ་ དུས་ཅི་ མི་ཚུ་གིས་ ཅ་ཆས་དང་ཞབས་ཏོག་ལུ་ སྤྱིར་སྙོམ་ལུ་ བརྒྱ་ཆ་༤དང་ཚག་༥༥གི་ཐེབ་ སྤྲོད་དེ་ཡོདཔ་ཨིན་མས།

རྒྱལ་ཡོངས་རྩིས་དཔྱད་བཀོད་འཛིན་གྱི་སྙན་ཞུ་དང་འཁྲིལ་བ་ཅིན་ དུས་ཅི་ སྤྱི་ཟླ་༢པ་ལས་ སྤྱི་ཟླ ༤པ་ཚུན་ཚོད་ བརྒྱུད་འབྲེལ་གྱི་ཞབས་ཏོག་ནང་ལུ་མ་གཏོགས་ གཞན་མི་ ཅ་ཆས་དང་ཞབས་ཏོག་ཡུདཔ་ཅིག་ག་ར་གི་གོང་ཚད་ཚུ་ ཡར་སེང་སོང་སྟེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ན་ཧིང་གི་སྤྱི་ཟླ་༤པ་དང་ཕྱདཔ་ད་ལུ་ དུས་ཅི་ སྤྱི་ཟླ་༤པའི་ནང་ལུ་ བཟའ་འཐུང་གི་ ཉོ་སྤྱོད་གོང་ཚད་གནས་ཐོ་འདི་ བརྒྱ་ཆ་༩དང་ཚག་༢༤ཨིནམ་སྦེ་བཀོད་དེ་འདུག

འདི་བཟུམ་སྦེ་ སྤྱི་ལོ་༢༠༡༩གི་སྤྱི་ཟླ་༤པ་དང་ཕྱདཔ་ད་ལུ་ དུས་ཅི་ སྤྱི་ཟླ་༤པའི་ནང་ལུ་ བཟའ་འཐུང་མིན་པའི་ ཉོ་སྤྱོད་གོང་ཚད་ཀྱི་གནས་ཐོ་འདི་ བརྒྱ་ཆ་ཀླད་སྐོར་དང་ཚག་༧༣ཨིནམ་སྦེ་བཤད་ཅི།

ཉོ་སྤྱོད་པའི་གོང་ཚད་གནས་ཐོ་ དེ་སྦེ་ཡར་སེང་འགྱོ་དགོ་མི་འདི་ཡང་ བཟའ་འཐུང་གི་གོང་ཚད་ཡར་འཛེག་འགྱོ་མི་དང་ ལྷག་པར་དུ་ ཚོད་བསྲེ་དང་ཤིང་འབྲས་ཀྱི་གོང་ཚད་ཚུ་ ཡར་སེང་འགྱོ་ནི་འདི་གིས་ཨིན་མས།

རྒྱལ་ཁབ་ནང་ལུ་ སྤྱི་ཟླ་༤པ་ནང་ལས་ ནང་འཁོད་ཀྱི་ཚོད་བསྲེ་དང་ཤིང་འབྲས་འདི་ཚུ་ཐོན་དོ་ཡོད་རུང་ གོང་ཚད་ཚུ་ ནང་འདྲེན་འབད་མི་གི་ ཚོད་བསྲེ་དང་ཤིང་འབྲས་ཚུ་དང་ཕྱདཔ་ད་ལུ་ ལེ་ཤ་གིས་ མཐོ་དོ་ཡོདཔ་སྦེ་ཨིན་མས།

ཉོ་སྤྱོད་པའི་གོང་ཚད་གནས་ཐོ་ཟེར་མི་འདི་ ཁྱིམ་གུང་གཅིག་གིས་ དུས་ཚོད་ཅིག་གི་ནང་ལུ་ ཅ་ཆས་དང་ཞབས་ཏོག་ཚུ་ཉོ་སྤྱོད་འབད་བའི་སྐབས་ སྤྱིར་སྙོམ་གྱི་གོང་ཚད་ཀྱི་ནང་ལུ་ ཁྱད་པར་ཆགས་མི་ལུ་ གོཝ་ཨིནམ་སྦེ་བཤད་ཅི།

འདི་འབདཝ་ལས་ གནས་ཐོ་འདི་གིས་ དུས་ཚོད་ཅིག་གི་ནང་ལུ་ སྤྱིར་སྙོམ་ལུ་ ཅ་ཆས་དང་ཞབས་ཏོག་གི་གོང་ཚད་ ཡར་སེང་དང་མར་ཕབ་ ག་དེ་འབད་རང་འགྱོ་སྟེ་ཡོདཔ་ཨིན་ནའི་སྐོར་ལས་ གསལ་སྟོན་འབད་དོ་ཡོདཔ་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ ཚེ་རིང་བཟངམོ།

ཐིམ་ཕུག