གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

མཁོ་ལོང་ཆུ་གློག་མེ་ལས་འགུལ་ དུས་ཅི་ལོ་མཇུག་ཁམས་ལུ་ འགོ་བཙུགས་ནི་ཨིནམ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠

༉ བཀྲ་ཤིས་གཡང་རྩེ་ལུ་ ད་ལྟོ་ཚུན་ཚོད་ ཡུན་གྱངས་སྦེ་ལུས་ཏེ་ཡོད་མི་ མེ་གཱ་ཝཊ་ ༦༠༠་འབད་མི་ མཁོ་ལོང་ཆུ་གློག་མེ་ལས་འགུལ་འདི་ དུས་ཅི་གི་ལོ་མཇུག་ཁམས་ལས་ འགོ་བཙུགས་ནི་ཨིན་མས།

ལས་འགུལ་གྱི་དོན་ལས་ མཆིང་ཡིག་གུ་ལུ་ མཚན་རྟགས་འདི་ཡང་ ད་རིས་ འབྲུག་གཞུང་གི་ འགོ་དཔོན་ཚུ་དང་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱི་ འགོ་དཔོན་ཚུ་གི་བར་ན་བཀོད་ཡོདཔ་ཨིན།

ལས་འགུལ་འདི་ འབྲུག་དང་རྒྱ་གར་གྱི་བར་ན་ མཉམ་འབྲེལ་གྱི་ཐོག་ལས་འབད་མི་ གློག་མེའི་ལས་འགུལ་དང་པ་གཅིག་ཨིནམ་ད་ ལས་འགུལ་འདི་ སྤྱི་ལོ་༢༠༢༥་ལུ་ སྒྲུབ་ཚུགས་པའི་རེ་བ་འདུག

ལས་འགུལ་གྱི་མཆིང་ཡིག་གུ་ མཚན་རྟགས་བཀོད་མི་དང་འབྲེལ་ གློག་མེའི་ལས་འགུལ་བཟོ་སྐྲུན་གྱི་དོན་ལས་ རིན་བསྡུར་ཚུ་ཡང་ ཤུལ་མའི་ཟླཝ་ཚུ་ནང་ལས་ བྱིན་ནི་ཨིན་མས།

ལས་འགུལ་འདི་གི་ ལོ་རེ་ནང་ལུ་ གློག་མེ་ ཡུ་ནིཊ་ཐེར་འབུམ་ཕྱེད་ད་༣་ལྷགཔ་རེ་ བཟོ་ཚུགས་པའི་རེ་བ་འདུག

འགོ་ཐོག་ལུ་ གཞུང་༢་གི་བར་ན་ ལས་འགུལ་འདི་ལས་འཐོན་པའི་ གློག་མེ་བརྒྱ་ཆ་༧༠་གི་ཐོག་ལུ་ གོང་ཚད་མཐའ་དཔྱད་བཟོ་བའི་བསྒང་འབདཝ་ལས་ ལས་འགུལ་འདི་ ཡུན་གྱངས་སྦེ་ལུས་ཡོདཔ་ཨིན།

ཕྱོགས་༢་ཆ་རའི་ཁ་ཐུག་ལས་ གོང་ཚད་འདི་ ལས་འགུལ་གྱི་འགྲོ་སོང་དང་ ཚོང་ལམ་གྱི་གནས་སྟངས་ཚུ་གུ་ གཞི་བཞག་སྟེ་བཟོ་ནི་སྦེ་ ཁ་འཆམ་ཞིནམ་ལས་ ལས་འགུལ་གྱི་མཆིང་ཡིག་གུ་ མཚན་བརྟག་བཀོད་ཡོདཔ་ཨིན།

 ཕྱོགས་༢་ཆ་ར་གིས་ ལས་འགུལ་འདི་ལས་འཐོན་པའི་ གློག་མེ་བརྒྱ་ཆ་༣༠་འདི་ སྤྱིར་བཏང་གི་ བཀག་ཆ་མེད་པའི་ཚོང་ཁྲོམ་ཁར་ བཙོང་ནི་སྦེ་ ཐག་བཅད་ཚར་ཏེ་འདུག

འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་འཁྲིལ་བ་ཅིན་ འགོ་ཐོག་གི་བཟོ་སྐྲུན་ལཱ་ཚུ་གི་སྐབས་ ཁོང་ཆ་ཁྱབ་ཀྱིས་ ཡན་ལག་འཕྲུལ་ཁང་དང་ སྒྲིང་ཁྱིམ་ཚུ་ དེ་ལས་ ལས་འགུལ་བཟོ་སྐྲུན་གྱི་དོན་ལས་ གློག་མེ་བཀྲམ་སྤེལ་ཚུ་འབད་ཡི་ཟེར་ཨིན་མས།

ཕྱི་འབྲེལ་བློན་པོ་རྟ་མགྲིན་རྡོ་རྗེ་གིས་གསུངས་མི་ནང་ འགོ་ཐོག་གི་བཟོ་སྐྲུན་ལཱ་ ཧ་ལམ་ཅིག་མཇུག་བསྡུ་སྟེ་ཡོདཔ་ལས་ འདི་གིས་ ཁ་འབགཔ་ཚུ་ལུ་ ལཱ་ངོ་མ་འདི་ ག་དེ་མགྱོགས་མགྱོགས་ འགོ་བཙུགས་ནི་ལུ་ ཕན་ཐོགས་བྱུང་འོང་ཟེར་ཨིན་མས།

ལས་འགུལ་འདི་ འབྲུག་སླར་འབྱུང་གློག་མེ་ལས་འཛིན་དང་ རྒྱ་གར་ཁག་གྱི་ ཨེས་ཇེ་ཝི་ཨེན་ཨེལ་ལས་སྡེ་གཉིས་ཀྱི་ བཟོ་སྟེ་ཡོད་པའི་ མཉམ་འབྲེལ་ལས་སྡེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གྱིས་སྦེ་ གཞི་བཙུགས་འབད་ནི་ཨིན་མས།