གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

པདྨ་དགའ་ཚལ་ལུ་ རྩི་ནག་མ་བཏང་མི་ རྒེད་འོག་གི་འཁོར་ལམ་ གཅིག་རྐྱངམ་ཅིག་ལུས་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༩ ༢༠༢༠

༉ པདྨ་དགའ་ཚལ་རྫོང་ཁག་ནང་ལུ་ རྒེད་འོག་གི་འཁོར་ལམ་ རྩི་ནག་མ་བཏང་མི་ གཅིག་རྐྱངམ་ཅིག་ལུས་ཏེ་ཡོདཔ་ཨིན་མས།

ཕྱི་མུང་རྒེད་འོག་གི་ འཁོར་ལམ་རྩི་ནག་བཏང་ནིའི་ལཱ་འདི་ འཕྲལ་ཁམས་ཅིག་ཁར་ རྟེན་འབྲེལ་བརྩི་ཡོདཔ་ཨིན་མས།

ལམ་རྩི་ནག་བཏང་ནིའི་ རྟེན་འབྲེལ་བརྩི་ས་ལུ་ རྒེད་འོག་འདི་གི་མི་སེར་ཚུ་ དགའ་ཛུམ་ཤི་ཤི་སྦེ་ འཛོམས་ནུག

འདི་ཡང་ ད་རེས་ འཁོར་ལམ་འདི་ དོག་ཁག་ཁ་སྦེ་ཡོདཔ་མ་ཚད་ གནས་སྟངས་ཡང་སྐྱོ་དྲག་སྦེ་ཡོད་མི་ལུ་བརྟེན་ཨིན་མས།

 རྒེད་འོག་བདག་སྐྱོང་དང་འཁྲིལ་པ་ཅིན་ དངུལ་འབྲེལ་གྱི་དཀའ་ངལ་ལུ་བརྟེན་ ཕྱི་མུང་རྒེད་འོག་གི་ འཁོར་ལམ་འདི་ འཆར་གཞི་༡༡་པའི་ནང་ལུ་ རྩི་ནག་བཏང་མ་ཚུགས་ཟེར་ཨིན་མས།

འགོ་དཔོན་ཚུ་གིས་སླབ་མི་ནང་ རྒེད་འོག་གཞན་ཚུ་དང་ཕྱེདཔ་ད་ ཕྱི་མུང་རྒེད་འོག་གི་ལམ་འདི་ རིང་སུ་སྦེ་ཡོདཔ་ལས་ མ་དངུལ་ཡང་མང་སུ་སྦེ་དགོ་པས་ཟེར་ཨིན་མས།

ཀི་ལོ་མི་ཀྲར་༢༥་དང་ཚག་༦་འབད་མི་ རྒེད་འོག་གི་ལམ་ རྩི་ནག་བཏང་ནིའི་ལཱ་འདི་ དབྱེ་ཁག་༣་སྦེ་འབདཝ་ཨིན་མས།

ལས་འགུལ་འདི་ནང་ལུ་ ལམ་རྒྱ་བསྐྱེད་བཏང་ནི་དང་ གཡུར་བ་སེལ་ནི་ཚུ་ཡང་ ཚུདཔ་ཨིན་མས།

སང་ཕོད་ཀྱི་ལོ་མཇུག་ཁམས་ལུ་ མཇུག་བསྡུ་ཚུགས་པའི་རེ་བ་ཡོད་མི་ ལས་འགུལ་འདི་གི་དོན་ལུ་ དངུལ་ཀྲམ་ས་ཡ་༡༣༥་ལྷགཔ་ཅིག་ བགོ་བཀྲམ་འབད་དེ་འདུག