གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་ འོས་འབབ་དང་ལྡནམ་སྦེ་ཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠

རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་ འོས་འབབ་དང་ལྡནམ་སྦེ་ཡོདཔ།

༉ སྤྱི་ལོ་ ༢༠༡༩ ལོའི་ རྒྱལ་ཡོངས་དྲང་སྤྱོད་ཀྱི་བརྟག་ཞིབ་དང་འཁྲིལ་པ་ཅིན་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་འདི་ འོས་འབབ་དང་ལྡནམ་སྦེ་འདུག་ཟེར་ཨིནམ་ད་ འདི་ཡང་ དྲང་སྤྱོད་ཀྱི་འཇལ་ཚད་ ཀླད་ཀོར་ལས་ ༡༠ ཚུན་ཡོད་ས་ལས་ རྒྱལ་ཁབ་ཀྱི་གནས་ཚད་འདི་ ༧ དང་ཚག་ ༩ ལུ་གནས་ཏེ་ཡོདཔ་སྦེ་ཨིན་མས།

དྲང་སྤྱོད་གནས་ཚད་ཀྱི་བརྟག་ཞིབ་འདི་ཡང་ ལས་སྡེ་གཅིག་ནང་ སྤྱི་གཡོགཔ་གཅིག་གིས་ ཞབས་ཏོག་ཚུ་བྱིན་པའི་སྐབས་ དྲང་བདེན་དང་དྭངས་གསལ་གྱི་བྱ་སྒོའི་ལམ་ལུགས་ཚུ་ལུ་ ག་དེ་སྦེ་གནས་དོ་ཡོདཔ་ཨིན་ན་དང་ ཞབས་ཏོག་ཚུ་ མི་ངོམ་རང་རྐྱང་གི་ཁེ་ཕན་ལུ་དམིགས་ཏེ་ བྱ་རིམ་མ་གྲུབ་མི་ལུ་གཞི་བཞག་སྟེ་ འབད་དོ་ཡོདཔ་ཨིན་མས།

རྒྱལ་ཡོངས་ཀྱི་དྲང་སྤྱོད་འདི་ ཕྱིའི་དྲང་སྤྱོད་དང་ ནང་འཁོད་ཀྱི་དྲང་སྤྱོད་ཀྱིས་ འཇལ་དོ་ཡོདཔ་ད་ ཕྱིའི་དྲང་སྤྱོད་འདི་མི་མང་ལས་སྡེའི་ལས་བྱེདཔ་ཚུ་གིས་ཁོང་རའི་སྒྲིག་གཡོག་ཚུ་ངན་ལྷད་དང་བྱ་སྤྱོད་ངན་པ་ཚུ་ནང་འབྲེལ་བ་མེད་པ་དྭངས་སེལ་དང་འགན་ཁྲིད་ཅན་སྦེ་བྱིན་དོ་ཡོདཔ་ཨིན་ན་མེན་ན་ཞབས་ཏོག་སྤྱོད་མི་ཚུ་གིས་དབྱེ་ཞིབ་འབད་བའི་གནས་ཚད་གཅིག་ཨིན།

འདི་བཟུམ་སྦེ་ ནང་འཁོད་ཀྱི་དྲང་སྤྱོད་འདི་མི་མང་ལས་སྡེའི་ལས་བྱེདཔ་ཚུ་གིས་ཚོར་སྣང་དང་ཉམས་མྱོང་ཚུ་གུ་གཞི་བཞག་སྟེ་ལས་སྡེའི་དྲང་སྤྱོད་དཔེར་ན་དྲང་སྤྱོད་ཀྱི་སྲོལ་དང་ལཱ་གི་དྲང་སྤྱོད་དེ་ལས་ཀུན་སྤྱོད་ཚུ་དབྱེ་ཞིབ་འབད་བའི་གནས་ཚད་གཅིག་ཨིན།

སྟེ་ སྤྱི་ལོ་ ༢༠༡༩ ལོའི་ བརྟག་ཞིབ་དང་འཁྲིལཝ་ད་ རྒྱལ་ཡོངས་དྲང་སྤྱོད་ཀྱི་གནས་ཚད་ནང་ ཕྱིའི་དྲང་སྤྱོད་ཀྱིས་ མང་སུ་ཅིག་སྦེ་ ལྷན་ཐབས་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ ཞབས་ཏོག་སྤྱོད་མི་ཚུ་ལུ་ ཞབས་ཏོག་ཚུ་ དྲང་བདེན་དང་དྭངས་གསལ་སྦེ་ཐོབ་ནི་ནང་ དཀའ་ངལ་ཚུ་ ག་ནི་ཡང་འཐོན་ཏེ་མེད་ཟེར་བའི་ བརྡ་མཚོན་བཏོནམ་ཨིན་མས།

བརྟག་ཞིབ་འདི་ཡང་ ངན་ལྷད་ཀྱི་གནད་དོན་ཚུ་འཐོན་ནི་ནང་ ཉེན་ཁ་ཡོད་པའི་ཁར་ མི་སྡེ་དཔལ་འབྱོར་གོང་འཕེལ་གཏང་ནི་ནང་ ཁག་ཆེ་ཤོས་ཅིག་ཨིན་མི་ གདམ་འཐུ་འབད་དེ་ཡོད་པའི་ མི་དམངས་ལས་སྡེ་ཚུ་ནང་ལས་ཕར་ འགོ་འདྲེན་འཐབ་སྟེ་ཡོདཔ་ད་ བརྟག་ཞིབ་འདི་གིས་ ལས་སྡེ་ ༩༦ དང་ ཞབས་ཏོག་ཡོངས་བསྡོམས་ ༢༧༢ ཚུ་ འགབ་ཚུགས་ཏེ་འདུག

འདི་དང་གཅིག་ཁར་ རྩིས་ལོ་ ༢༠༡༨ དང་ ༢༠༡༩ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ནང་ ཉོགས་བཤད་ཁག་ ༣༣༥ ལྷོད་དེ་ཡོད་མི་འདི་ཡང་ དབྱེ་དཔྱད་འབད་ཡོདཔ་ཨིན་མས།

སྟེ་ བརྟག་ཞིབ་འདི་ལས་བརྟེན་ ལྷན་ཚོགས་འདི་གིས་ ངན་ལྷད་ཀྱི་གནད་དོན་ཚུ་ མར་ཕབ་འབད་ནི་གི་དོན་ལུ་ ལས་སྡེ་ཚུ་ནང་ལས་ཕར་ ག་དེ་ཅིག་སྦེ་དགོཔ་ཡོད་པ་ཅིན་  ལམ་ལུགས་ཡར་དྲག་དང་འགྱུར་བཅོས་ཚུ་ འབད་ཚུགས་པའི་རེ་བ་བསྐྱེདཔ་ཨིན་མས།