གཟའ་པ་སངས། ༢༠༢༠ ཟླ་༧ པའི་སྤྱི་ཚེས་༢

ཡོངས་འབྲེལ་ཐོག་གི་དཔེ་མཛོད་ཀྱི་ འཆར་སྒོ་ ཤེས་རིག་ལྷན་ཁག་ལུ་ རྩིས་སྤྲོདཡོདཔ།

སྤྱི་ཟླ་༦ པའི་ཚེས་ ༢༧ ༢༠༢༠

༉ རྒྱ་གར་དང་འབྲུག་གི་ ཡོངས་འབྲེལ་ཐོག་གི་དཔེ་མཛོད་ཀྱི་ འཆར་སྒོ་འདི་ འགོ་འབྱེད་འབད་དེ་ ལོ་༤་དེ་ཅིག་འགྱོ་བའི་ཤུལ་ལུ་ ད་རིས་ ཤེས་རིག་ལྷན་ཁག་ལུ་ རྩིས་སྤྲོད་ནུག

ལས་འགུལ་འདི་ཡང་ རྒྱལ་ཁབ་ནང་འཁོད་ལུ་ སློབ་ཕྲུག་ཚུ་གི་དོན་ལུ་ ཤེས་ཡོན་གྱི་ནང་དོན་ཚུ་ དེང་སང་བརྡ་དོན་འཕྲུལ་རིག་གི་ འགྱུར་བ་དང་བསྟུན་ བློ་གཏད་ཅན་ཅིག་སྦེ་ འཐོབ་ཚུགསཔ་བཟོ་ནི་ལུ་ དམིགས་ཡུལ་བསྐྱེད་དེ་ཨིན་མས།

ཀི་དེབ་དང་སྒྲ་འཛིན་ གློག་བརྙན་དང་པར་ལ་སོགས་པའི་ ཤེས་ཡོན་གྱི་ནང་དོན་ སྟོང་ཕྲག་༣་ལྷགཔ་ཅིག་ཡོད་པའི་ ཡོངས་འབྲེལ་ཐོག་གི་དཔེ་མཛོད་ཁང་གི་ འཆར་སྒོ་འདི་གིས་ སློབ་དཔོན་དང་སློབ་ཕྲུག་ དེ་ལས་ ཤེས་ཡོན་མཁས་པ་ཚུ་ལུ་ ནང་དོན་འདི་ཚུ་ ཡོངས་འབྲེལ་ཐོག་ལུ་ཨིན་རུང་ ཡོངས་འབྲེལ་རྒྱུན་ལམ་མེད་དེ་འབད་རུང་ འཐོབ་ཚུགས་པའི་ གཞི་རྟེན་གཅིག་བྱིན་ཨིན་མས།

 གཞུང་གིས་ ལས་འགུལ་འདི་ ན་ཧིང་ལས་ར་ རྩིས་ལེན་ནི་སྦེ་ཡོདཔ་ཨིན་རུང་ ཤེས་རིག་ལྷན་ཁག་ལུ་ འདི་རྩིས་ལེན་ནི་ནང་ ཐེ་ཚོམ་ཡོད་མི་ལུ་བརྟེན་ རྒྱ་གར་གཞུང་ལུ་ རྩིས་སྤྲོད་ལེན་འདི་ ཕར་ཕུད་བརྐྱབ་དགོཔ་སྦེ་ཞུ་བ་འབད་ནུག

ལས་འགུལ་འདི་ནང་ལུ་འབྲེལ་བ་ཡོད་མི་ འགོ་དཔོན་ཚུ་གིས་སླབ་མི་ནང་ ནང་འཁོད་ཀྱི་ནང་དོན་ ལངམ་སྦེ་མེད་མི་དང་ འཆར་སྒོ་འདི་གི་སྐོར་ལས་ གོ་བརྡ་ཚུ་དེ་ཅིག་ར་མེད་མི་ལུ་བརྟེན་ འཆར་སྒོ་འདི་ རྒྱལ་ཁབ་ནང་གི་ སློབ་དཔོན་དང་སློབ་ཕྲུག་ཚུ་གི་ནང་དོག་ལུ་ དེ་ཅིག་ར་ཡོངས་གྲགས་འཐོན་མ་ཚུགས་ཟེར་ཨིན་མས།

ཨིན་རུང་ ནད་ཡམས་ ཀོ་ཝིཌ-༡༩གི་བྱེལཝ་འཐོན་ཞིནམ་ལས་ཚུར་ སློབ་ཕྲུག་དང་ཕམ་ཚུ་གི་དོན་ལུ་ ཡོངས་འབྲེལ་ཐོག་ལུ་ སློབ་སྟོན་འབད་ནིའི་ནང་དོན་ཚུ་ག་ར་ འཆར་སྒོ་འདི་ནང་ལུ་བཙུགས་ཡོདཔ་ལས་ ངོས་ལེན་ལེགས་ཤོམ་འཐོབ་ནུག

ད་རེས་ ཡོངས་འབྲེལ་ཐོག་གི་དཔེ་མཛོད་འདི་ སློབ་གྲྭ་ལྟེ་བ་༤༩་དང་ མཐོ་རིམ་སློབ་གྲྭ་༡༢་གི་ནང་ལུ་ བཙུགས་ཏེ་ཡོདཔ་ཨིན་མས།

ལས་འགུལ་འདི་ཡུན་བརྟན་སྦེ་ གནས་ཐབས་ལུ་ ཤེས་རིག་ལྷན་ཁག་གིས་ ནང་དོན་ཚུ་གུ་གཙོ་བོ་བསྟེན་ནི་སྦེ་ ཁས་ལེན་འབད་ཡོདཔ་ཨིན།

ད་རུང་ ལས་འགུལ་འདི་གི་ མི་སྟོབས་ཀྱི་ལྕོགས་གྲུབ་ ཧེང་བཀལ་ར་ སྒྲིང་སྒྲིང་བཟོ་ནི་གི་ འཆར་གཞི་ཚུ་ཡོདཔ་ཨིན་མས།

དངུལ་ཀྲམ་ས་ཡ་༡༤༨་གནས་པའི་ ལས་འགུལ་འདི་ རྒྱ་གར་གཞུང་གི་ རྒྱབ་བསྐྱོར་འབད་འབདཝ་ཨིན་མས།