རྩི་རང་ལུ་ ས་པག་ཅུ་གི་བཟོ་གྲྭ་ཁང་འདི་ མཐར་འཁྱོལ་ཅན་ཅིག་སྦེ་ འགྱོ་སྟེ་ཡོདཔ།
སྤྱི་ཟླ་༥ པའི་ཚེས་ ༣༠ ༢༠༢༠
༉ རྒྱལ་ཁབ་ནང་འཁོད་ཀྱི་ ས་པག་ཅུ་བཟོ་གྲྭ་འཕྲུལ་ཁང་ མང་ཤོས་ཅིག་ལུ་རང་ ཕྱི་ལས་ནང་འདྲེན་འབད་མི་ ས་པག་ཅུ་ཚུ་ལས་བརྟེན་ཏེ་ ཁོང་ཆ་ཁྱབ་ཀྱི་ས་པག་ཅུ་ཚུ་ ཚོང་འབྲེལ་འཐབ་ནི་ནང་ གདོང་ལེན་འབྱུང་དོ་ཡོད་པའི་ སྙན་ཞུ་ཚུ་བཀོད་དོ་ཡོདཔ་ཨིན་མས།
ཨིན་རུང་ རྩི་རང་ལུ་ ས་པག་ཅུ་གི་བཟོ་གྲྭ་ཁང་༡་ལས་འགལ་མེད་མི་འདི་ལུ་ ད་རེས་ ནད་ཡམས་ཀོ་ཝིཊ་ནའི་ཊིན་གྱི་ བྱེལཝ་མ་འཐོན་པའི་ཧེ་མ་ལས་རང་ ཚོང་འབྲེལ་ལེགས་ཤོམ་སྦེ་ འཐབ་ཚུགས་ཏེ་ཡོདཔ་ཨིན་མས།
འགྲམ་ཕུག་ཁྲོམ་གྱི་འོག་ལུ་ཆགས་ཏེ་ཡོད་མི་ ཀྲི་རྣམ་རྒྱལ་ས་པག་ཅུ་བཟོ་གྲྭ་འཕྲུལ་ཁང་འདི་ སྐྱེས་ལོ་༣༣ ལང་མི་ ཀྲི་རྣམ་རྒྱལ་གྱིས་ ལོ་༣ དེ་ཅིག་གི་ཧེ་མ་ འགོ་བཙུགས་ནུག
ཁོ་གིས་བཀོད་མི་ནང་ ཁོ་ར་ བསམ་གྲུབ་ལྗོངས་མཁར་ལུ་ གཞན་མི་གི་ ས་པག་ཅུ་བཟོ་གྲྭ་འཕྲུལ་ཁང་ཅིག་ནང་ ལཱ་འབད་དེ་སྡོད་པའི་བསྒང་ལས་རང་ ཁོ་ར་གི་ ལས་སྡེ་ཅིག་འགོ་བཙུགས་ནི་སྦེ་ ཐག་བཏོག་ཡི་ཟེར་ཨིན་མས།
ཀྲི་རྣམ་རྒྱལ་གྱིས་སླབ་མི་ནང་ སྤྱི་ལོ་༢༠༡༢ ལུ་ ཁོ་ར་ རྩི་རང་ལུ་འོང་ཞིནམ་ལས་ བཟོ་གྲྭ་འཕྲུལ་ཁང་གཞི་བཙུགས་འབད་ནི་གི་དོན་ལུ་ གཞི་འགྱམ་གྱི་ལཱ་ཚུ་ འགོ་བཙུགས་ཅི་ཟེར་ཨིན་མས།
ཨིན་རུང་ མ་དངུལ་གྱི་ཐོག་ལུས་ཡོདཔ་ལས་ ལོ་དག་པ་ཅིག་གི་རིང་ལུ་ བཟོ་གྲྭ་ཁང་འདི་ འགོ་བཙུགས་མ་ཚུགས་ཟེར་ཨིནམ་ད་ ཤུལ་ལས་ སྤྱི་ལོ་༢༠༡༧ ལུ་ སྐྱིན་འགྲུལ་ཞུ་ཞིནམ་ལས་ ས་ཆ་གླ་ཁར་ལེན་ཏེ་ ཁོ་རའི་བཟོ་གྲྭ་འཕྲུལ་ཁང་འདི་ སྒོ་ཕྱི་ཏེ་ཡོདཔ་སྦེ་ཨིན་མས།
ད་རུང་ ཁོ་གིས་སླབ་མི་ནང་ བཟོ་གྲྭ་འཕྲུལ་ཁང་འདི་ འགོ་བཙུགས་པའི་སྐབས་ གཞི་རྟེན་མཐུན་རྐྱེན་ཚུ་མེད་ནི་འདི་གིས་ ཚོང་འབྲེལ་འགོ་བཙུགས་པའི་སྐབས་ ལཱ་ཁག་བཏང་ཡི་ཟེར་བཤད་ཅི།
ད་རེས་བཟུམ་ཅིག་འབད་བ་ཅིན་ བཟོ་གྲྭ་འཕྲུལ་ཁང་འདི་ ཁོ་རའི་ས་ཆ་ནང་ལུ་ སྤོ་བཤུད་འབད་དེ་ཡོདཔ་ད་ བཟོ་གྲྭ་ཁང་ནང་ལུ་ འཕྲུལ་ཆས་༤་དང་ལཱཔ་༡༠་གྱིས་ ཉིནམ་རེ་ནང་ ས་པག་ཅི་ སྟོང་ཕྲག་༢་ལས་༣་གྱི་བར་ན་ བཏོན་ཚུགས་དོ་ཡོདཔ་ཨིན་མས།
ཁོ་གིས་སླབ་མི་ནང་ ཚོང་འབྲེལ་འདི་ ལེགས་ཤོམ་སྦེ་འགྱོ་དོ་ཡོད་མི་དང་བསྟུན་ ཁོ་གི་ས་པག་ཅུ་ཚུ་ཡང་ མང་ཤོས་ཅིག་རང་ རྩི་རང་རྫོང་ཁག་དང་ ཉེ་འདབས་ཀྱི་རྫོང་ཁག་ཚུ་ནང་ལས་ མཁོ་འདོད་སྐྱེད་དོ་ཡོདཔ་སྦེ་ཨིན་མས།
འཕྲུལ་ཁང་འདི་གིས་ ས་པག་ཅུ་༡ ལུ་གོང་ཚད་དཀྲུལ་ཀྲམ་ ཕྱེད་ད་༡༡ ལེན་དོ་ཡོདཔ་ད་ ལས་སྡེ་འདི་གིས་ ཟླཝ་རེ་ནང་ འོང་འབབ་དངུལ་ཀྲམ་འབུམ་༧ དེ་རེ་ བཟོ་དོ་ཡོདཔ་ཨིན་མས།
ཨིན་རུང་ བཟོ་གྲྭ་འཕྲུལ་ཁང་འདི་ནང་ལས་ ས་པག་ཅུ་ཚུ་མ་བཙོང་པའི་ཧེ་མ་ ལེགས་ཤོམ་སྦེ་སྐམ་དགོཔ་ལས་ གནམ་གཤིས་གནས་སྟངས་ལེགས་ཤོམ་མེད་པའི་སྐབས་ པག་ཅུ་གབཏོན་ནི་ནང་ལུ་ བར་ཆད་བྱུང་དོ་ཡོདཔ་ཨིན་མས།
འདི་དང་གཅིག་ཁར་ ཚོང་ལམ་ལེགས་ཤོམ་ཡོད་མི་དང་འབྲེལ་ ཇོ་བདག་འདི་གིས་ བཟོ་གྲྭ་འཕྲུལ་ཁང་འདི་ ས་གོ་་སྦོམ་སུ་ཅིག་ནང་སྤོ་སྟེ་སྦེ་ ས་པག་ཅུ་མང་སུ་སྦེ་བཏོན་ཚུགས་པའི་ འཕྲུལ་ཆས་ཚུ་བཙུགས་ཏེ་ རྒྱ་སྐྱེད་འབད་ནི་གི་ འཆར་གཞི་ཡོདཔ་ཨིན་མས།
པདྨ་ཚེ་དབང་། གནས་ཚུལ་བསྡུ་ལེན་པ། རྩི་རང་།







རྒྱང་བསྒྲགས་དང་མཐུད་འབྲེལ།