གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

རླུང་འཚུབ་ཨམ་པཱན་གྱི་བྱེམ་འདི་ རྒྱལ་ཁབ་ནང་ལུ་ཡང་ ཕོག་སྟེ་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༢༢ ༢༠༢༠

༉ རླུང་འཚུབ་ ཨམ་པཱན་འདི་ གཟའ་ཕུར་གི་ ཉི་མ་ཁམས་ཅིག་ལས་ བང་ལ་དེཤི་གི་ རྒྱ་མཚོའི་མཐའམ་བདའ་སྟེ་དང་ རྒྱ་གར་གྱི་ཤར་ཕྱོགས་ས་སྒོ་ཚུ་ནང་ ཆགས་ནི་འགོ་བཙུགས་ཏེ་ཡོདཔ་ལས་ འདི་གི་བྱེམ་འདི་ འབྲུག་རྒྱལ་ཁབ་ནང་ཡང་ འཚོར་ཏེ་ཡོདཔ་ཨིན།

འདི་ཡང་ རྒྱལ་ཁབ་ནང་ ཆརཔ་མ་ཆད་པར་རང་རྐྱབ་མི་ལུ་བརྟེན་ རྒྱལ་པོའི་ཞིང་དང་ ངང་ལམ་གྱི་གཞུང་ལམ་བདའ་སྟེ་དང་ ཀྲོང་གསར་རྫོང་ཁག་ ས་གནས་རིའོ་ཏ་ལ་ལུ་ འཁོར་ལམ་ཚུ་བསུབ་སྟེ་འདུག

འདི་བཟུམ་སྦེ་ རྩི་རང་རྫོང་ཁག་ནང་ཨིན་པ་ཅིན་ ཁྱིམ་གུང་པ་ ༦ གི་གེ་ཟའི་ཞིང་ཚུ་ མེདཔ་བཏང་སྟེ་ཡོད་པའི་ཁར་ མོང་སྒར་རྫོང་ཁག་ སྐྱེངས་མཁར་རྒེད་འོང་ནང་ལུ་ཡང་ ལོ་ཐོག་ཚུ་ མེདཔ་བཏང་སྟེ་ཡོདཔ་སྦེ་ཨིན་མས།

ད་རུང་ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་གི་ ཝང་མ་མཁར་སྤྱི་འོག་ནང་ཡང་ རླུང་མ་ཤུགས་སྦེ་འཕུ་མི་ལུ་བརྟེན་ ཁྱིམ་གུང་གཅིག་གི་ཁྱིམ་ཐོག་ཚུ་ ཤུབས་བདའ་སྟེ་ཡོདཔ་ཨིན་རུང་ ཤུལ་ལས་ ཉམས་བཅོས་འབད་ཚུགས་ཏེ་འདུག

རྒྱལ་ཁབ་ནང་ ཡོངས་འབྲེལ་གྱི་ཞབས་ཏོག་ཚུ་ཡང་ མེདཔ་སྦེ་འགྱོ་སྟེ་ཡོདཔ་ལས་ ཞབས་ཏོག་བྱིན་མི་ཚུ་གིས་བཀོད་མི་ནང་ རླུང་འཚུབ་འདི་ལས་བརྟེན་ རྒྱ་གར་ལུ་ཡོད་པའི་ རྒྱལ་སྤྱིའི་ཡོངས་འབྲེལ་གྱི་རྒྱུན་ལམ་འདི་རང་ མེདཔ་འགྱོ་སྟེ་ཡོདཔ་སྦེ་ཨིན་མས།

འདི་དང་གཅིག་ཁར་ རྒྱལ་ཡོངས་ཆུ་དཔྱད་དང་གནམ་གཤིས་རིག་པའི་ལྟེ་བ་དང་འཁྲིལ་པ་ཅིན་ བང་ལ་དེཤི་ལུ་ རླུང་འཚུབ་ ཨམ་པཱན་གི་ཤུགས་ཚད་འདི་ ཁ་ཙ་ལས་ མར་ཕབ་འགྱོ་སྟེ་ཡོདཔ་ལས་ ཤུགས་ཚད་འདི་ ད་རུང་རང་ མར་ཕབ་འགྱོ་ནི་བཟུམ་ཅིག་ཡོད་ཟེར་བཤད་ཅི།

ལྟེ་བ་འདི་གི་སྙན་ཞུ་དང་འཁྲིལཔ་ད་ ད་ལས་ཕར་ དུས་ཡུན་ཆུ་ཚོད་ ༤༨ ཀྱི་ནང་འཁོད་ རྒྱལ་ཁབ་ཀྱི་བྱང་ཕྱོགས་དང་ནུབ་ཕྱོགས་ དེ་ལས་ དབུས་ཕྱོགས་ཀྱི་ས་སྒོ་ཚུ་ནང་ ས་སྨུག་སྤུབས་ཏེ་ ཆརཔ་རན་ཏོག་ཏོ་སྦེ་ རྐྱབ་ནི་བཟུམ་ཅིག་ཡོདཔ་སྦེ་ཨིན་མས།

འདི་བཟུམ་སྦེ་ ལྷོ་ཕྱོགས་དང་ ཤར་ཕྱོགས་ཀྱི་ལུང་ཕྱོགས་ཚུ་ནང་ ད་ལས་ཕར་ དུས་ཡུན་ཆུ་ཚོད་ ༢༤ གི་ནང་འཁོད་ ཆརཔ་རན་ཏོག་ཏོ་དང་ ཡང་ཅིན་ ཤུགས་སྦེ་རང་རྐྱབ་ནི་བཟུམ་ཅིག་ཡོད་པའི་ཁར་ ས་གནས་ཁག་སོ་སོ་ཚུ་ནང་ཨིན་པ་ཅིན་ རླུང་འཚུབ་དང་གཅིག་ཁར་ གློག་ཀེམ་ནི་དང་ ཆརཔ་རྐྱབ་ནི་བཟུམ་ཅིག་འདུག་ཟེར་ཨིན་མས།

གནས་ཚུལ་བསྡུ་ལེན་པ་ སངས་རྒྱས་ཆོས་འཛོམས།

ཐིམ་ཕུག