གཟའ་ཉི་མ། ༢༠༢༠ ཟླ་༥ པའི་སྤྱི་ཚེས་༣༠

གཞལ་སྒང་ནང་སྐོར་ལུ་ ཚལ་དྭངས་མདུན་མང་གི་སོ་ནམ་ཞིང་ལམ་འདི་ ད་ལྟོའི་བར་ན་ཡང་ སེལ་མ་ཚར་བར་ཡོདཔ།

སྤྱི་ཟླ་༥ པའི་ཚེས་ ༡༨ ༢༠༢༠

༉གཞལ་སྒང་རྫོང་ཁག་ནང་སྐོར་རྒེད་འོག་ནང་ ཀི་ལོ་མི་ཊར་ ༡༩ འབད་མི་ ཚལ་དྭངས་མདུན་མང་གི་སོ་ནམ་ཞིང་ལམ་འདི་ སྤྱི་ལོ་ ༢༠༡༤ ལས་ སེལ་ནི་འགོ་བཙུགས་ཡོདཔ་ཨིན་རུང་ ད་ལྟོའི་བར་ན་ཡང་མཇུག་བསྡུ་མ་ཚུགས་པར་ལུས་ཏེ་ཡོདཔ་ཨིན་མས།

ས་གནས་འདི་ཁའི་མི་ཚུ་གིས་སླབ་མི་ནང་ སོ་ནམ་ཞིང་ལམ་འདི་ གནད་དོན་ག་ཅི་ལས་བརྟེན་ཏེ་དུས་ཚོད་ཁར་སེལ་མ་ཚུགས་པར་ལུས་སོངཔ་ཨིན་ན་ཧ་མ་གོ་ཟེར་ཨིན་རུང་མགྱོགས་པ་རང་མཇུག་བསྡུ་ཚུགས་པའི་རེ་བ་ཡོད་ཟེར་བཤད་ཅི།

ད་རུང་ ཁོང་ཆ་ཁྱབ་ཀྱིས་བཀོད་མི་ནང་ སོ་ནམ་ཞིང་ལམ་འདི་ དུས་ཚོད་ཁར་སེལ་ཚར་ཚརཝ་འབད་བ་ཅིན་ མི་སྡེ་དཔལ་འབྱོར་གོང་འཕེལ་བཏང་ནི་ནང་ ལྷན་ཐབས་སྦོམ་སྦེ་རང་ འབྱུང་འབྱུངམ་འོང་ཟེར་ཨིན་མས།

ང་བཅས་རྒྱང་བསྒྲགས་ཀྱིས་གོ་དོཝ་བཟུམ་འབད་བ་ཅིན་སོ་ནམ་ཞིང་ལམ་འདི་གཞག་དུས་ཁར་སེལ་མ་ཚར་མི་ལུ་བརྟེན་ ལམ་སེལ་ནི་གི་དོན་ལུ་ འབྱེལཝ་འབྱེལ་ས་རང་ ཁག་འབགཔ་༣ལུ་རྩིས་སྤྲོད་འབད་དེ་ཡོདཔ་སྦེ་ཨིན་མས།

འདི་ཡང་ཁག་འབགཔ་དང་པའི་སྐབས་ལུ་ལཱ་ཚུ་དུས་ཚོད་ཁར་མཇུག་བསྡུ་མ་ཚུགས་མི་ལུ་བརྟེན་ ཆ་མེད་བཏང་སྟེ་ཡོད་པའི་ཁར་ ཁག་འབགཔ་༢པ་འདི་ཨིན་པ་ཅིན་ ལཱ་ཚུ་འབད་སྡོད་པའི་བར་ན་རང་ ཁག་འབགཔ་འདི་ གྱོང་སོངཔ་ཨིན་མས།

འདི་བཟུམ་སྦེ་ད་རེས་ཁག་འབགཔ་༣པའི་སྐབས་ལུ་ཡང་ཁག་འབགཔ་འདི་དང་རྫོང་ཁག་རིན་བསྡུར་ཚོགས་ཆུང་གི་བར་ན་མ་སྒྲིགཔ་འཐོན་པའི་ཤུལ་མ་ ལམ་སེལ་ནི་གི་ལཱ་ཚུ་ལུ་ ཐོ་ཕོག་སྟེ་འདུག

འདི་ཡང་ཁག་འབགཔ་འདི་གིས་རིན་བསྡུར་ཚོགས་ཆུང་ལུ་རྫོང་ཁག་འཛིན་ཤོག་གྲངས་ཚད་ཀྱི་རིན་བསྡུར་འབྲི་ཤོག་ནང་མ་ཚུད་པར་ཡོད་མི་རྡོ་དཀྲུམ་ནི་དང་གས་རྫས་ཀྱི་དོན་ལུ་གླ་ཆ་འཐེབ་དགོཔ་སྦེ་བཀོད་དོ་ཡོདཔ་ཨིན་མས།

གནད་དོན་འདི་གི་སྐོར་ལས་གྲོས་ཆོད་གསལ་ཏོག་ཏོ་ཅིག་ག་ནི་ཡང་མེད་མི་ལུ་བརྟེན་ གནད་དོན་འདི་འཕྲལ་ཁམས་ཅིག་ཁར་ཚོགས་མི་རྫོང་ཁག་ཚོགས་འདུའི་སྐབས་ལུ་ཡང་གྲོས་བསྡུར་འབྱུང་སྟེ་འདུག

དེ་བསྒང་རྫོང་ཁག་ཚོགས་འདུའི་འཐུས་མི་ཚུ་གིས་བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་གྲོས་ཆོད་ལུ་སྒུག་ནི་སྦེ་ཞལ་འཆམ་འབྱུང་སྟེ་ཡོདཔ་ཨིན་མས།

ད་ལྟོ་ཚུན་ཚོད་ སོ་ནམ་ཞིང་ལམ་འདི་ ཀི་ལོ་མི་ཊར་ཕྱེད་ད་༩རྐྱངམ་ཅིག་སེལ་ཚར་ཏེ་འདུག