གཟའ་མིག་དམར། ༢༠༢༠ ཟླ་༢ པའི་སྤྱི་ཚེས་༡༧

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ས་ལུ་ རྒྱལ་སྲུང་ཟེར་མི་ལས་རིམ་ཅིག་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ གསུང་གནང་ཡི།

སྤྱི་ཟླ་༡༢ པའི་ཚེས་ ༡༨ ༢༠༡༩

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཡོངས་དུས་ཆེན་ཐེངས་༡༡༢པ་བརྩི་སྲུང་ཞུ་ས་ལུ་ རྒྱལ་ཡོངས་ལུ་གསུང་བཤད་གནང་པའི་སྐབས་ ན་གཞོན་ཚུ་གི་དོན་ལུ་ རྒྱལ་སྲུང་ཟེར་མི་ལས་རིམ་ཅིག་ འགོ་བཙུགས་ནི་ཨིན་པའི་སྐོར་ལས་ གསུང་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གསུང་མི་ནང་ ལས་རིམ་འདི་ཡང་ འབྲུག་པའི་ན་གཞོན་ཚུ་ འགན་འབག་ཚུགསཔ་སྦེ་བཟོ་ནི་དང་ མནོ་ཤེསཔ་བཟོ་ནི་ འདི་བཟུམ་སྦེ་ ཕྱག་ལེགས་ཤོམ་སྦེ་ ཞུ་ཤེསཔ་སྦེ་བཟོ་ནི་ལུ་དམིགས་ཡུལ་བསྐྱེད་དེ་སྦེ་ འགོ་བཙུགས་དོ་ཟེར་གསུང་ཡི།

ལས་རིམ་འདི་ནང་ལུ་ ཆོས་སྒོར་བཞུགས་མི་ཚུ་རྐྱངམ་ཅིག་མ་གཏོགས་ དེ་མེན་ ན་གཞོན་ སྐྱེས་ལོ་༡༨ལང་མི་ག་ར་གིས་རང་ བཅའ་མར་གཏོགས་དགོ་ནི་ཨིན་མས།

རྒྱལ་སྲུང་གི་སྦྱོང་བརྡར་ལས་རིམ་ ཤོ་ཐེངས་དང་པའི་དོན་ལུ་ ཐོ་བཀོད་འབད་ནི་འདི་ སྤྱི་ལོ་༢༠༢༡ལུ་འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་རིམ་འདི་ཡང་ སྤྱི་ལོ་༢༠༢༢ལས་ འགོ་བཙུགས་ནི་ཨིན་མས།

འདི་བཟུམ་སྦེ་ རྒྱལ་སྲུང་ལས་རིམ་འདི་གི་དོན་ལས་ སང་ཕོད་ བཅའ་ཁྲིམས་ཅིག་ཡང་ འོང་ནི་ཨིན་མས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གསུང་མི་ནང་ སྤྱི་ལོ་༢༠༢༢ལུ་ རྒྱལ་སྲུང་གི་ལས་རིམ་འགོ་བཙུགས་པའི་སྐབས་ ལོ་འདི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་ གསེར་ཁྲི་གུར་ཕེབས་ཏེ་ མི་ལོ་༥༠འཁོར་བའི་ལོ་ཅིག་སྦེ་ཡང་ སྡོད་འོང་ཟེར་གསུང་ཡི།

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་སྲུང་གི་མ་ཚད་པར་ རྒྱལ་ཁབ་ནང་གི་ དཔལ་འབྱོར་དང་ ན་གཞོན་ དེ་ལས་ ལཱ་འབད་བའི་གནས་སྟངས་ཀྱི་ཐད་ཁར་ ཚ་གྱང་ཡོད་ལུགས་ཚུ་གི་སྐོར་ལས་ཡང་ གསུང་གནང་ཡི།

མི་དབང་མངའ་ཞབས་མཆོག་གིས་གསུང་མི་ནང་ དཔལ་འབྱོར་གྱི་ཐད་ཁར་ དུས་རབས་༢༡པའི་དཔལ་འབྱོར་གྱི་ལམ་འདི་ ཧིང་སངས་སང་ཅིག་སྦེ་ བཟོ་ནི་ལུ་ འགན་ཁུར་འབག་དགོཔ་འདི་ ཁག་ཆེ་ཟེར་ཨིན་མས།

འདི་བཟུམ་སྦེ་ འབྲུག་ལུ་ ལཱ་འབད་བའི་གནས་སྟངས་ཚུ་ཡང་ སྟབས་བདེ་ཏོག་ཏོ་དང་ སྒོ་ཡང་ཏོག་ཏོ་སྦེ་བཟོ་དགོཔ་འདི་ ག་ནི་བས་ཡང་ ཁག་ཆེ་ཟེར་གསུང་གནང་ཡི།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་གསུང་མི་ནང་ རྒྱལ་ཁབ་ཀྱི་མ་འོངས་པའི་གནས་སྟངས་འདི་ ད་རེས་ཀྱི་ན་གཞོན་ཚུ་ལུ་ རག་ལས་དོ་ཡོདཔ་ལས་ ན་གཞོན་ཚུ་ སྒྲིང་སྒྲི་བཟོ་དགོ་ཟེར་ཨིན་མས།