གཟའ་པ་སངས། ༢༠༢༠ ཟླ་༤ པའི་སྤྱི་ཚེས་༢

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཡོད་པའི་ངོས་འཛིན་ལུ་ རྟགས་མ་ཚུ་གནང་ཡོདཔ།

སྤྱི་ཟླ་༡༢ པའི་ཚེས་ ༡༨ ༢༠༡༩

༉ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ད་རིས་ རྒྱལ་ཡོངས་དུས་ཆེན་བརྩི་སྲུང་ཞུ་ས་ལུ་ གཞུང་གྲྭ་ཚང་གི་རྡོ་རྗེ་སློབ་དཔོན་ཀུན་ལེགས་ཀྱིས་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཡོད་པའི་ངོས་འཛིན་ལུ་ འབྲུག་དབང་རྒྱལ་གྱི་རྟགས་མ་གནང་ཡི།

མི་དབང་མངའ་ཞབས་མཆོག་གིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱི་དྲུང་ཆེན་བགྲེསཔ་ དྲག་ཤོས་སངས་རྒྱས་རྡོ་རྗེ་གིས་ འགྲན་ཟླ་དང་མེད་པའི་ཕྱག་ཕྱིད་ཞུ་ཡོད་པའི་ངོས་འཛིན་ལུ་ འབྲུག་ཐུགས་སྲས་ཀྱི་རྟགས་མ་གནང་ཡི།

འདི་ཡང་ དྲག་ཤོས་ཀྱིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ནང་ཕྱག་ཞུ་བའི་སྐབས་ སུམ་རྟགས་དང་མཐུན་པའི་ རྫོང་ཁའི་བརྡ་གཞུང་བརྩམ་ཡོད་པའི་ཁར་ སྒྲིག་ལམ་རྣམ་གཞག་དང་ ལམ་སྲོལ་གྱི་འབྱུང་རབས་དང་རྣམ་ཐར་ཚུ་ རྫོང་ཁའི་ཐོག་ལུ་ ཡིག་ཆ་བཟོ་སྟེ་ཡོད་འདི་གིས་ཨིན་མས།

འདི་བཟུམ་སྦེ་ སྤང་སྦིས་ས་ལུ་ཡོད་པའི་ རྒྱལ་འཛིན་སློབ་སྡེའི་མདོ་ཆེན་ ཨཱ་རུཎ་ཀཱ་པུར་ལུ་ཡང་ འབྲུག་ཐུགས་སྲས་ཀྱི་རྟགས་མ་འདི་ཡང་ འབྲུག་རྒྱལ་ཁབ་ཀྱི་དོན་ལུ་ ཁྱད་དུ་འཕགས་པའི་སྒོ་ལས་ ཞབས་ཏོག་ཞུ་ཡོད་པའི་ ངོས་འཛིན་ལུ་གནང་ནུག

ཨཱ་རུཎ་ཀཱ་པུར་འདི་ཡང་ ཤེས་རིག་ནང་ལུ་ ལོ་༤༠ལྷགཔ་ཅིག་གི་ཉམས་མྱོང་ཡོད་མི་ ཤེས་ཡོན་སློབ་སྟོན་པ་གཅིག་ཨིན་མས།

ད་རུང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཟོ་སྐྲུན་གོང་འཕེལ་ལས་འཛིན་གྱི་བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཕུན་ཚོགས་རྒྱལ་མཚན་ལུ་ རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་གནང་ཡོདཔ་ད་ ཁོ་གིས་ ཟམ་གྱི་བཟོ་བཀོད་དང་བཟོ་སྐྲུན་གྱི་ཐད་ཁར་ རྒྱལ་ཁབ་ནང་འཁོད་ལུ་རང་ མཁས་མཆོག་བཟོ་མི་དང་བསྟུན་ འབྲུག་པའི་ན་གཞོན་ཚུ་ལུ་ ལཱ་གཡོག་གི་གོ་སྐབས་ཚུ་བཟོ་ཡོད་པའི་ ངོས་འཛིན་ལུ་ཨིན་མས།

དེ་ལས་ མི་དབང་མངའ་ཞབས་མཆོག་གིས་ སྲོལ་འཛིན་ལས་ཁུངས་ཀྱི་འོག་ལུ་ཡོད་པའི་ སྲོལ་ཁྱུན་ས་ཁོངས་ཉམས་སྲུང་སྡེ་ཚན་གྱི་གཙོ་འཛིན་ནག་མཚོ་རྡོ་རྗེ་ལུ་ཡང་ རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་གནང་ཡོདཔ་ད་ འདི་ཡང་ མོ་གིས་ རྒྱལ་ཁབ་ཀྱི་དོན་ལུ་ ཕྱག་ཕྱིད་གང་དྲག་ཞུ་ཡོད་པའི་ངོས་འཛིན་ལུ་ཨིན་མས།

ད་རེས་ རྒྱལ་ཁབ་ནང་ལུ་ རྫོང་གཞིས་དང་དགོན་སྡེ་ལེ་ཤ་ཅིག་རང་ ཉམས་གསོ་ཞུ་ནི་གི་ལཱ་ཚུ་ མོ་གི་འགོ་ཁྲིད་འོག་ལུ་ འགོ་འདྲེན་འཐབ་སྟེ་འདུག

ད་རུང་ ཨཱསི་ཊེ་ལི་ཡ་ལས་ཨིན་མི་ ཀེ་ཐི་རི་ཡཱཎ་ཧེ་རསི་ལུ་ཡང་ རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་གནང་ཡི།

མོ་གིས་ ཨཱསི་ཊེ་ལི་ཡ་ལུ་ཡོད་པའི་ འབྲུག་གི་དོན་གཅོད་ཡོངས་ཁྱབ་སྦེ་ཕྱག་ཞུ་ཡོདཔ་མ་ཚད་ སིཌ་ནྷི་ལུ་ ཨོ་ལོམ་པིགསི་གི་འགྲན་བསྡུར་འགོ་འདྲེན་འཐབ་པའི་སྐབས་ འབྲུག་པའི་ཨོ་ལོམ་པིག་གི་སྡེ་ཚན་ལུ་ རྒྱབ་སྐྱོར་ཚུ་འབད་དེ་འདུག

འདི་བཟུམ་སྦེ་ ཇཱར་མ་ནི་ལས་ཨིན་མི་ དྲུང་འཚོ་འུལཕ་གྷེང་ཕི་ཕཱར་གྱིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་ཞུ་ནུག

ཁོ་གིས་ འབྲུག་ལུ་ ཟད་འགྲོ་ས་ཡ་ལས་བཅད་དེ་གནས་པའི་ གསོ་བའི་ཅ་ཆས་ཚུ་ གྲོགས་རམ་སྦེ་བྱིན་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ལུ་ཇཱར་མ་ནི་གི་གཤག་བཅོས་མཁས་མཆོག་ཚུ་ འཁྱིད་འོང་ཡོདཔ་ཨིན་མས།

ད་རུང་ མི་དབང་མངའ་ཞབས་མཆོག་གིས་ ནཱིལུ་ཟ་ལེནཌ་ལས་ཨིན་མི་ མཁས་དབང་བྷེཎ་སི་ཇེ་ཤའུ་ལུ་ཡང་ རྒྱལ་ཡོངས་གཟེངས་འཐོན་གསེར་གྱི་རྟགས་མ་གནང་ཡི།

ཁོ་གིས་ རྒྱལ་སྤྱིའི་གནས་ཚད་ནང་ལས་ཕར་ འབྲུག་རྒྱལ་ཁབ་ཀྱི་སྐོར་ལས་ གནས་ཚུལ་དང་ལོ་རྒྱུས་ཚུ་ པར་སྐྲུན་འབད་དེ་ ཁྱབ་སྤེལ་བཏང་སྟེ་ཡོདཔ་ཨིན་མས།