གཟའ་པ་སངས། ༢༠༡༩ ཟླ་༡༢ པའི་སྤྱི་ཚེས་༡༢

འབྲུག་རྒྱལ་སྤྱིའི་རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་ འགོ་བཙུགས་ཡོདཔ།

སྤྱི་ཟླ་༡༡ པའི་ཚེས་ ༡༢ ༢༠༡༩

༉ རྒྱལ་ཁབ་ནང་ལུ་ ད་རེས་འགོ་དང་པ་ འབྲུག་རྒྱལ་སྤྱིའི་རང་ལུགས་ཀྱི་ མདའ་རྩེད་འགྲན་བསྡུར་འདི་ ད་རིས་ལས་ རྩེད་འགྲན་འབད་ནི་ འགོ་བཙུགས་ཏེ་འདུག

རྩེད་འགྲན་ལས་རིམ་འདི་ཡང་ འབྲུག་པའི་རྒྱལ་ཡོངས་ཀྱི་རྩེདམོ་ གསལ་སྟོན་འབད་ནི་དང་ འབྲུག་པའི་མདའ་རྩེདཔ་ཚུ་གིས་ རྒྱལ་ཁབ་མ་འདྲཝ་ཚུ་ནང་ལས་ཕར་ རང་ལུགས་ཀྱི་མདའ་རྩེད་ཚུ་ ག་དེ་སྦེ་རང་ རྩེད་དོ་ཡོདཔ་ཨིན་ན་ ཧ་གོ་ནི་གི་དོན་ལས་ རྒྱལ་སྤྱིའི་མདའ་རྩེད་ཚོགས་པ་གིས་ རྒྱབ་སྐྱོར་འབད་དེ་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་མས།

རྩེད་འགྲན་ལས་རིམ་འདི་ ད་རིས་ ཐིམ་ཕུག་ལུ་སྦེ་ རྩེད་འགྲན་འབད་ནི་འགོ་བཙུགས་ཏེ་ཡོད་རུང་ ནངས་པ་ལས་འགོ་བཙུགས་ཏེ་ སྤ་རོ་ལུ་སྦེ་ རྩེད་འགྲན་འབད་ནི་ཨིན་མས།

ཉིནམ་༤་གི་ལས་རིམ་འདི་ནང་ལུ་ མདའ་རྩེདཔོ་སྟོང་ཕྲག་ལྷགཔ་ཅིག་གིས་ གྲལ་ཁར་གཏོགས་པའི་བསྒང་ར་འདུག

རྩེད་འགྲན་གྱི་སྐབས་ལུ་ རྒྱལ་སྤྱིའི་རང་ལུགས་མདའ་རྩེད་ཚོགས་པའི་ ལམ་ལུགས་དང་སྒྲིག་གཞི་ཚུ་ ལག་ལེན་འཐབ་སྟེ་ རྩེད་འགྲན་འབད་ནི་ཨིན་མས།

རྩེད་འགྲན་ལས་རིམ་གྱི་སྐབས་ལུ་ བཅའ་མར་གཏོགས་མི་ཚུ་གིས་ རྒྱལ་རབས་ཅན་གྱི་མདའ་རྩེད་དང་ འབའ་ཅོ་ཐུང་ཀུ་ནང་ལུ་རྩེད་ནི་ དེ་ལས་ སྡེ་ཚན་གྱི་མདའ་རྩེད་འབད་ནི་ཚུ་རྩིས་ཏེ་ རྩེད་འགྲན་དབྱེ་ཁག་༥་གི་ནང་ལུ་ དོ་འགྲན་འབད་ནི་སྦེ་འདུག

ལས་རིམ་འགོ་འདྲེན་འཐབ་མི་གིས་སླབ་མི་ནང་ འདི་བཟུམ་གྱི་ལས་རིམ་ འགོ་འདྲེན་འཐབ་མི་འདི་གིས་ འབྲུག་རྒྱལ་ཁབ་འདི་ རྩེད་རིགས་སྣ་ཚོགས་ཡོད་པའི་ རྒྱལ་ཁབ་ཅིག་སྦེ་ ཡར་དྲག་བཏང་ཚུགས་པའི་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོདཔ་སྦེ་བཤད་ཅི།

ལས་རིམ་འགོ་འབྱེད་འབད་བའི་སྐབས་ འབྲུག་རང་ལུགས་རྩེད་རིག་ཚོགས་པ་གིས་ ཚོགས་པའི་ལས་རྟགས་དང་ འགྲན་བསྡུར་གྱི་གནས་ཤོག་ཡང་ གསར་བཏོན་འབད་ཡི།