གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

སོ་ནམ་ཞིང་ལམ་སེལ་མི་འདི་གིས་ གནས་སྤོ་འགྱོ་མི་ཚུ་ ཁོང་རའི་གཡུས་ཁར་ ལོག་ནི་གི་སེམས་ཤུགས།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༡༩

༉ ཆུ་ཁ་རྫོང་ཁག་ དགེ་གླིང་རྒེད་འོག་ སྐྱ་ནག་ཅན་གཡུས་ཚན་ནང་ལུ་ སོ་ནམ་ཞིང་ལམ་སེལ་མི་འདི་གིས་ ལོ་༣༠་དེ་ཅིག་གི་ཧེ་མ་ གཡུས་ཚན་འདི་ནང་ལས་ སྐམ་སྦྱིས་དང་ མཁའ་རི་འཁོར་ཆའི་ས་གནས་ཚུ་ནང་ གནས་སྤོ་སྟེ་འགྱོ་མི་ཚུ་ ཁོང་རའི་གཡུས་ཁ་ལུ་ ལོག་བཅུག་གི་ནང་ ཕན་ཐོགས་འབྱུང་སྟེ་འདུག

གཡུས་ཚན་འདི་ནང་གི་མི་སེར་ཚུ་ ཁོང་རའི་གཡུས་ཚན་འདི་ ད་རུང་ར་ དགེ་གླིང་རྒེད་འོག་གི་ སྤྱི་འོག་༣་དང་གཅིག་ཁར་མཐུད་ནི་ཨིན་མི་ གཞན་མི་སོ་ནམ་ཞིང་ལམ་སེལ་ནི་གི་དོན་ལས་ འགོ་འབྱེད་འབད་མི་འདི་ལུ་ སེམས་དགའ་སྟེ་ཡོདཔ་ཨིན་མས།

འདི་ཡང་ སྐྱ་ནག་ཅན་གཡུས་ཚན་ལས་ དགེ་གླིང་དགོན་པ་ཚུན་ཚོད་ ཀི་ལོ་མི་ཀྲར་༡༥་འབད་མི་ སོ་ནམ་ཞིང་ལམ་འདི་ སེལ་ཚར་བའི་བསྒང་ལས་ ཁྱིམ་གུང་པ་༡༢༠་ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་མས།

ས་གནས་འདི་ནང་ལུ་ ཧེ་མ་ སོ་ནམ་ཞིང་ལམ་མེདཔ་ལས་ མི་སེར་སོ་ནམ་པ་༣༠༠་ལྷགཔ་ཅིག་ སྐམ་སྦྱིས་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ལས་ཕར་ གཞིས་སྤོ་འགྱོ་བའི་ཤུལ་ལུ་ ལ་ཡ་ཁ་གཡུས་ཚན་ནང་ལུ་ཡང་ ཁྱིམ་གུང་པ་༦༠་ གུང་སྟོང་འཐོན་ནུག

འདི་འབདཝ་ལས་ རྒེད་འོག་ཡིག་ཚང་གིས་ཡང་ ཁོང་ཆ་ཁྱབ་ལུ་ ཞབས་ཏོག་ཚུ་ རྩི་མ་གཤམ་ལུ་ གནས་སྐབས་ཀྱི་ཡིག་ཚང་ནང་ལས་སྦེ་བྱིན་ཏེ་སྡོད་ཡོདཔ་ཨིན་མས།

ཨིན་རུང་ ཀི་ལོ་མི་ཀྲར་༧་འབད་མི་ སོ་ནམ་ཞིང་ལམ་དང་ རྒེད་འོག་ལྟེ་བ་དང་མཐུད་འབྲེལ་འབད་མི་ སྣུམ་འཁོར་ཐལ་བའི་ཟམ་ འདི་བཟུམ་སྦེ་ དུས་ཅི་ གནམ་བྱཱར་ལུ་ དམ་ཆུ་དང་ཆུ་ཁ་གི་བར་ན་ འཕྲང་ལམ་ཅིག་སེལ་བའི་ཤུལ་མ་ ས་གནས་འདི་ནང་གི་མི་སེར་ཚུ་གིས་ སྣུམ་འཁོར་ཚུ་ཡང་ མཁོ་སྒྲུབ་འབདེ་ཡོདཔ་ཨིན་མས།

རྒེད་འོག་གི་འགོ་དཔོན་ཚུ་དང་འཁྲིལ་པ་ཅིན་ ས་གནས་གཞན་ཁ་ལས་ཕར་སྡོད་མི་ མི་སེར་ཚུ་གིས་ སོ་ནམ་ཞིང་ལམ་སེལ་ལྷོད་པའི་ཤུལ་ལུ་ ད་རེས་ ཁོང་རའི་གཡུས་ཁ་ལུ་ ལོག་འགྱོ་ནི་གི་ འཆར་གཞི་ཡོདཔ་སྦེ་ཨིན་མས།