གཟའ་པ་སངས། ༢༠༡༩ ཟླ་༡༡ པའི་སྤྱི་ཚེས་༢༡

སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ བླམ་༢ ལུ་སྟོད་རྩེ་དང་འཇིམ་གནང་ཡོདཔ།

སྤྱི་ཟླ་༡༠ པའི་ཚེས་ ༣༡ ༢༠༡༩

༉ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ ད་རིས་ བླམ་༢་ལུ་ སྟོད་རྩེ་འཇིམ་གནང་ཡོདཔ་མ་ཚད་ གཞན་མི་༣་འདི་ གཞུང་གྲྭ་ཚང་གྱི་ བདག་རྐྱེན་མ་འདྲཝ་ཚུ་གི་དོན་ལས་ བསྐོ་བཞག་གནང་ཡི།

སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཁོང་ཆ་ཁྱབ་ལུ་ ད་ས་དྲོ་པ་ ཐིམ་ཕུག་ བཀྲིས་ཆོས་རྫོང་ནང་ལུ་སྦེ་ བཀྲིས་ལེགས་དར་གནང་ནུག

སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྐྱེས་ལོ་༥༨་ལང་མི་ ཤར་འཕྲིན་ལས་ལུ་ སྟོད་རྩེ་འཇིམ་གནང་ཡོདཔ་ད་ ཁོ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཆོས་ཕྱོགས་ཀྱི་ལས་འགུལ་ཅིག་ནང་ ལོ་༡༢་གི་རིང་ལུ་ ཕྱག་ཞུ་ནུག

འདི་བཟུམ་སྦེ་ དབང་འདུས་ཕོ་བྲང་ལས་ སྐྱེས་ལོ་༤༤་ལང་མི་ དཔལ་འབར་གྱིས་ཡང་ སྐྱབས་རྗེ་མཆོག་ལས་ སྟོད་རྩེ་འཇིམ་ཞུ་ཡོདཔ་ཨིན་མས།

ཁོ་གིས་ ད་རེས་ སྤུ་ན་ཁ་རྫོང་ཁག་འོག་ལུ་ཡོད་པའི་ རྒན་བཞུགས་སྐྱིད་པའི་གླིང་དགོན་པའི་ནང་ལུ་ འཛིན་སྐྱོང་པ་སྦེ་ ཕྱག་ཞུ་བའི་བསྒང་རང་ཡོདཔ་ཨིན་མས།

འདི་བཟུམ་སྦེ་ ཧཱ་ལས་ སྐྱེས་ལོ་༤༥་ལང་མི་ ཤེས་རབ་མཐར་ཕྱིན་འདི་ སྤུང་ཐིམ་གྲྭ་ཚང་གི་ བདག་སྐྱོང་གཙོ་འཛིན་འགོ་དཔོན་གསརཔ་སྦེ་ བཀྲིས་ལེགས་དར་གནང་ཡི།

ཤེས་རབ་ཀྱིས་ ད་རེས་ཀྱི་ གོ་གནས་མ་ཞུ་བའི་ཧེ་མ་ གྲྭ་ཚང་གི་ལས་དྲུང་དང་ བདག་སྐྱོང་ལས་རོགཔ་གཙོ་འཛིན་འགོ་དཔོན་སྦེ་ ཕྱག་ཞུ་ཡོདཔ་ཨིན་མས།

ད་རུང་ སྤ་རོ་ལས་ སྐྱེས་ལོ་༣༩་ལང་མི་ དངོས་གྲུབ་འདི་ སྤུང་ཐིམ་གྲྭ་ཚང་གི་ མཚན་ཉིད་དབུ་མཛད་སྦེ་ བསྐོ་བཞག་གནང་ཡོདཔ་ད་ ཁོ་གིས་ ད་རེས་ཀྱི་ གོ་གནས་མ་ཞུ་བའི་ཧེ་མ་ མཚན་ཉིད་དབུ་མཛད་འོགམ་སྦེ་ ཕྱག་ཞུ་ནུག

མོ་སྒར་ལས་ སྐྱེས་ལོ་༣༨་ལང་མི་ བཀྲིས་ཚེ་རིང་གིས་ ད་ལས་ཕར་ གསར་སྤང་ལུ་ཡོད་པའི་ པདྨ་གླིང་རྩིས་གཞུང་སློབ་གྲྭའི་དབུ་འཛིན་སྦེ་ ཕྱག་ཞུ་ནི་ཨིནམ་ད་ ཁོ་གིས་ ད་རེས་ཀྱི་ གོ་གནས་མ་ཞུ་བའི་ཧེ་མ་ སློབ་དཔོན་སྦེ་ ཕྱག་ཞུ་ནུག